ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

འཛམ་གླིང་ནང་པ་ཡོངས་ཀྱི་ཀུན་ཁྱབ་དབུ་ཁྲིད།


༧རྒྱལ་བ་རིན་པོ་ཆེ་ནི་འཛམ་གླིང་ནང་པ་ཡོངས་ཀྱི་བླ་ན་མེད་པའི་ཀུན་ཁྱབ་དབུ་ཁྲིད་ཡིན་ཞེས་ཐག་གཅོད་གནང་བ་དང་། ཡང་༧རྒྱལ་དབང་སྐུ་ཕྲེང་༡༤་བའི་འཁྲུངས་སྐར་ཉིན་མོ་ནི་འཛམ་གླིང་སྙིང་རྗེ་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་སྤྱི་མོས་གྲོས་ཆོད་བཞག་ཡོད་པས། འདི་དར་སྤེལ་ཡོང་རྒྱུར་འཛམ་གླིང་ནང་པ་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འབོད་སྐུལ་ཞུ་བཞིན་འདུག

ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཨེ་ཤ་ཡ་ནང་པའི་ཞི་བདེ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་འོག་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་བཅུ་ལྷག་ནས་ཆོས་ཚོགས་༢༠་ཙམ་གྱི་མཁན་བླ་དགེ་གསུམ་དང་སྐུ་ཚབ་མི་སྣ། མཁས་དབང་སོགས་ཕེབས་ཤིང་། རྒྱ་གར་གྱི་ཆབ་སྲིད་མི་སྣ་སོགས་ཀྱང་མཉམ་ཞུགས་གནང་ནས་ཨེ་ཤ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཐེངས་བཅུ་གཉིས་པ་དེ་འཚོགས་འདུག་ལ། དེའི་ཐོག་ཏུ་གྲོས་ཆོད་དོན་ཚན་བཞི་བཞག་ཡོད་པ་ཚོགས་པ་འདིའི་དྲུང་ཆེ་གཞོན་པ་ལ་དྭགས་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་དུ་ངོ་སྤྲོད་གནང་སོང་།

བསོད་ནམས་དབང་ཕྱུག ཨེ་ཤ་ཡ་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ།
བསོད་ནམས་དབང་ཕྱུག ཨེ་ཤ་ཡ་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ།

དེ་ཡང་ཁོང་གིས་གསུངས་རྒྱུར། སྤྱིར་འཛམ་གླིང་འདིའི་སྒང་ལ་ནང་ཆོས་ཐོག་ཕྱག་ལས་གནང་མཁན་བླ་མ་དང་མཁན་པོ་མང་པོ་ཡོད་རེད་དེ། ཡིན་ན་ཡང་ཚང་མས་དེའི་ཐོག་ལ་བཀའ་མོལ་བྱུང་སྐབས། ༧རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་ཞིག་འཛམ་གླིང་འདིའི་སྒང་ལ་མེད་པ་ལྟར་༧རྒྱལ་བ་རིན་པོ་ཆེ་ནི་འཛམ་གླིང་ནང་པ་ཡོངས་ཀྱི་བླ་ན་མེད་པའི་ཀུན་ཁྱབ་དབུ་ཁྲིད་ཡིན་ཞེས་ཐག་གཅོད་གནང་སོང་། གཉིས་པ་ལ་ཚོགས་ཐོག་ཏུ་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཐད་ལ་སྐད་ཆ་བྱུང་སོང་། གལ་ཏེ་སྲིད་སྲིད་གཞུང་དང་ཚོགས་སྒེར་སུ་ཡིན་ཡང་༧སྐུའི་ཡང་སྲིད་ཐད་ལ་ཐེ་ཇུས་བྱེད་བཞིན་ཡོད་ཚེ་དེ་རྩ་བ་ནས་འགྲིག་གི་མེད་པ་དང་། ཡང་སྲིད་ཀྱི་གནད་དོན་ཐོག་ལ་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཁོ་ནར་ཐུགས་ཐག་གང་གཅོད་ཀྱི་སྐུ་དབང་ལྡན་པ་ངོས་འཛིན། གྲོས་ཆོད་དོན་ཚན་གསུམ་པ་ནི་ཨེ་ཤ་ཡ་ནང་བའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཉིས་པས་དགའ་ལྡན་ཕོ་བྲང་གི་བླ་བྲང་རྒྱུན་གནས་དགོས་པའི་གནད་འགག་ལ་ངོས་འཛིན། གྲོས་ཆོད་བཞི་བ་ནི་༧གོང་ས་ཏཱ་ལའི་བླ་མའི་འཁྲུངས་སྐར་ཉིན་མོ་སྟེ་ལོ་རེའི་སྤྱི་ཟླ་༧་ཚེས་༦་ཉིན་མོ་དེ་འཛམ་གླིང་སྙིང་རྗེ་ཉིན་མོར་གཏན་འབེབས་ལ་སྤྱི་མོས་བྱུང་། ཞེས་ངོ་སྤྲོད་གནང་སོང་།

ཡང་ཞི་བདེ་དང་བྱམས་སྙིང་རྗེ། འཚེ་བ་མེད་པ་བཅས་ལ་དགའ་ཞེན་ཡོད་མཁན་འཛམ་གླིང་མི་མང་ཡོངས་ཀྱིས་ལོ་རེའི་སྤྱི་ཟླ་༧་ཚེས་༦་ཉིན་ལ་འཛམ་གླིང་སྙིང་རྗེ་ཉིན་མོར་སྲུང་བརྩི་མཉམ་དུ་ཞུ་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ད་དུང་ལ་དྭགས་ཕྱོགས་ནས་དེ་ལ་དགའ་བསུ་ཆེན་པོ་ཞུ་བཞིན་འདུག་ཅེས་བསོད་ནམས་དབང་ཕྱུག་ལགས་ཀྱིས་གསུང་སོང་བས། སྲུང་བརྩི་ཇི་ལྟར་བྱེད་དགོས་པའི་སྐོར་ལ་བཀའ་འདྲི་ཞུས་སྐབས། ཁོང་གིས། ཡུལ་ཁག་སོ་སོར་ལུགས་སྲོལ་སོ་སོར་ཡོད་རེད། དཔེར་ན་ང་ཚོའི་ལ་དྭགས་ལ་མཚོན་ན་༧རྒྱལ་བ་རིན་པོ་ཆེ་ཡི་འཁྲུངས་སྐར་དེ་ཧ་ལས་པ་རྒྱ་ཆེན་པོས་སྲུང་བརྩི་ཞུ་སྲོལ་ཡོད། ༧ཡེ་ཤེས་ནོར་བུའི་སྐུ་ཚེ་སྲུང་བརྩི་ཞུ་བཞིན་ཡོད། དེ་ག་ནང་བཞིན་ལ་དྭགས་ཁོ་ན་མིན་པར། འཛམ་གླིང་ནང་པ་ཡོངས་ཀྱིས་དེ་ལྟར་སྲུང་བརྩི་ཞུ་རྒྱུར་ང་ཚོས་འབོད་སྐུལ་ཞུ་བཞིན་ཡོད་ལ་ག་ལེར་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་ཐུབ་པའི་རེ་བ་རྒྱག་གིན་ཡོད། ཅེས་གསུང་སོང་།

༧རྒྱལ་བ་རིན་པོ་ཆེ་ལ་འཛམ་གླིང་ནང་པ་ཡོངས་ཀྱི་བླ་ན་མེད་པའི་ཀུན་ཁྱབ་དབུ་ཁྲིད་ཡིན་ཞེས་གྲོས་ཆོད་བཞག་པ་འདིའི་གནད་འགག་སྐོར་ནས་བཀའ་འདྲི་ཞུས་སྐབས། སྤྱིར་ང་ཚོ་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་རེད། ང་ཚོའི་ཐག་གཅོད་ལྟར་ལག་ལེན་བསྟར་དགོས་ཞུ་མི་ཐུབ་ཀྱང་། ང་ཚོ་ཚོགས་པ་ཞིག་གི་ངོས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཡུལ་ཁག་༡༦་ནས་ཕེབས་པའི་མི་སྣ་སྐད་གྲགས་ཅན་མང་པོ་འཛོམས་ནས་ཐག་གཅོད་བྱུང་བ་འདི་གལ་ཆེན་པོ་ཞིག་དང་། ཐག་གཅོད་འདི་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ཁྱབ་ཡོང་ཐབས་སུ་ང་ཚོའི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་ཀྱི་ཚོགས་པའི་ངོས་ནས་ལས་གཞི་གང་ཞིག་སྤེལ་དགོས་ཡང་སྤེལ་འཆར་ཡོད། དེ་མིན་༧རྒྱལ་བ་རིན་པོ་ཆེ་ཡིས་ད་ལྟའི་བར་གསུང་བའི་བཀའ་སློབ་དང་། ༧རྒྱལ་བ་རིན་པོ་ཆེ་ཡིས་བོད་མི་མང་ཁོ་ན་མིན་པར། འཛམ་གླིང་གི་ཆེད་དུ་མཛད་པ་ཧ་ལས་པ་བསྐྱངས་ཡོད་རལ། ད་ལྟ་ད་དུང་མཛད་འཕྲིན་སྐྱོང་བཞིན་པ་དང་། ལོ་མང་པོར་ད་དུང་མཛད་འཕྲིན་གནང་འཆར་ཡོད་པར་ང་ཚོས་རེ་བ་རྒྱག་གི་ཡོད། ད་ལྟ་འཛམ་གླིང་དུ་འཕེལ་རྒྱས་མང་པོ་ཡོད་ཀྱང་། ད་དུང་ཡང་དམག་འཁྲུག་ལ་སོགས་པའི་དཀའ་རྙོག་ཇེ་ཆེར་འགྲོ་བཞིན་ཡོད་པའི་དུས་ཚོད་འདི་ལ། ང་ཚོར་ལམ་སྟོན་པ་སུ་འདུག་ཅེ་ན་༧རྒྱལ་བ་རིན་པོ་ཆེ་ཆགས་བསྡད་ཡོད། ༧རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚེ་རིང་བོ་བཞུགས་རྒྱུ་དང་༧རྒྱལ་བ་རིན་པོ་ཆེ་ཡི་བཀའ་གསུང་རྣམས་འཛམ་གླིང་ལ་ཁྱབ་ཐུབ་པར་ང་ཚོའི་ཚོགས་པ་གཅིག་པུ་མིན་པར། འཛམ་གླིང་ནང་པ་ཡོངས་ལ་འབྲེལ་བ་ཡོད། དཔེར་ན་ང་ཚོའི་ཚོགས་ཐོག་ཏུ་ཕེབས་པའི་ཝི་ཌི་ནམ་གྱི་སྐུ་ཚབ་དང་དབུ་བླ་རྣམས་ཀྱིས་གནད་དོན་འདི་དག་ལ་ངོས་ལེན་གནང་བཞིན་པ་ལྟ་བུ་རེད་ཅེས་འགྲེལ་བརྗོད་གནང་སོང་།

ཨེ་ཤ་ཡ་ནང་བའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་ལ་རྒྱལ་ཁབ་༡༠་ལྷག་ནས་ཆོས་ཚོགས་༢༠་ཙམ་གྱི་སྐུ་ཚབ་མི་སྣ་ལས། ཡང་རྒྱ་གར་སྲིད་འཛིན་གཞོན་པ་དྷན་གྷར (Jagdeep Dhankhar)་དང་། རྒྱ་གར་གོ་ལའི་ཚན་རིག་བློན་ཆེན་རཱི་ཇི་ཇའུ་ (Kiren Rijiju) སོགས་མཉམ་ཞུགས་གནང་བ་མ་ཟད། ཡང་ད་ལྟའི་ཨེ་ཤ་ཡ་ནང་བའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཙོ་སོག་པོ་དགའ་ལྡན་དགོན་པའི་མཁན་ཟུར་བླ་མ་རྡོར་ཤུལ་མཆོག་ (Choijamts Demberel ) དང་། བོད་མིའི་ཕྱོགས་ནས་ཀྱང་རང་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ། ཡང་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་སོགས་མཉམ་ཞུགས་གནང་འདུག

སྤྱིར་སོག་པོའི་ཡུལ་གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ་ཟུར་བ་མགོན་པོ་སྐྱབས་(Samaagiin Gombojov)ལགས་ཀྱི་ཐུགས་རེ་ལྟར། ཨུ་སུ་རུའི་ནང་པའི་དབུ་བླ་འཇམ་དཔལ་རྡོ་རྗེ་མགོན་པོ་དང་བ་ཀུ་ལ་རིན་པོ་ཆེ། དེ་མིན་དང་བླངས་སོག་པོའི་ནང་པ་མང་པོ་མཉམ་འབྲེལ་གྱིས་ཨེ་ཤ་ཡ་ནང་བའི་ཞི་བདེ་ལྷན་ཚོགས་ཞེས་པའི་ཚོགས་པ་འདི་བཙུགས་པ་དང་། ད་ལྟ་སོག་པོ་དང་རྒྱ་གར། ལྷོ་བྱང་ཀོ་རི་ཡ། ཉི་ཧོང་། ཝི་ཌི་ནམ། བྷང་ལཱ། ཀེམ་བྷོ་ཌི་ཡ། ལའོ། བལ་ཡལ། ཨུ་རུ་སུ། སི་རི་ལཎ་ཁཱ་སོགས་རྒྱལ་ཁབ་བཅུ་ལྷག་གི་ནང་པའི་ཆོས་ཚོགས་༢༠་ཙམ་ཡོད་ཅིང་། ཨེ་ཤ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་ཆེན་ཀྱང་རྒྱལ་ཁབ་ཁག་ཁ་ཤས་སུ་འཚོགས་མྱོང་བ་རེད། སྤྱི་ལོ་༡༩༧༩་ལོར་ཨེ་ཤ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ལྔ་བ་སོག་ཡུལ་དུ་འཚོགས་པ་དང་། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དངོས་སུ་ཚོགས་ཐོག་ཏུ་གདན་འདྲེན་ཞུས་ཤིང་། ༧གོང་ས་མཆོག་ཨུ་རུ་སུ་ཡི་རྒྱལ་ས་མཱོ་སི་ཀོ་བརྒྱུད་མཐར་སོག་ཡུལ་དུ་ཕེབས་ཡོད་པ་འདི་ནི་ཚོགས་པ་འདིའི་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩི་བཞིན་འདུག་ལ། དེའི་རྗེས་༧གོང་ས་མཆོག་གི་ནུབ་ཕྱོགས་ཀྱི་མཛད་འཕྲིན་ཁག་དབུ་བརྩམས་ཡོད་པ་རེད།།

གླེང་སྟེགས།

XS
SM
MD
LG