ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༡༨

ཉི་ཧོང་དུ་བོད་དོན་གོ་རྟོགས་སྤེལ་མཁན་ཇེ་མང་གཏོང་དགོས་པ།


ད་ལྟའི་བོད་ཀྱི་གནས་བབ་ལས་འཕྲོས་པའི་གནད་དོན་གལ་ཆེ་ཤོས་གཉིས་ཀྱི་ཐོག་ལ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་བཏོན་པའི་སྙན་ཐོ་གཉིས་ཉི་ཧོང་སྐད་དུ་དཔར་བསྐྲུན་གྱིས་ཉི་ཧོང་བཅའ་བཞུགས་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་དབུ་འབྱེད་དཔར་འགྲེམས་གནང་འདུག་ལ་དེར་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་བ་ཚོས་བསྔགས་བརྗོད་གནང་ཡོད་པ་རེད།

ཐེངས་འདིར་ཉི་ཧོང་སྐད་དུ་འདོན་སྤེལ་གནང་བའི་སྙན་ཐོ་དེ་གཉིས་ལས་གཅིག་ནི་བོད་དོན་ལས་འགུལ་བསྟི་གནས་ཁང་དང་བོད་དོན་དྲང་བདེན་བསྟི་གནས་ཁང་གཉིས་ཀྱིས་བཏོན་པའི་དབྱིན་ཡིག་ཏུ “Tibet, the Dalai Lama, and the Geopolitics of Reincarnation” འམ་བོད་སྐད་དུ་བོད་དང་༧གོང་ས་ཏཱ་ལའི་བླ་མ། སྐུའི་ཡང་སྲིད་ཀྱི་ས་ཁམས་ཆབ་སྲིད་ཅེས་པ་དང་། དེ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་འདོན་སྤེལ་གནང་མྱོང་བའི་“China`s Vast System of Colonial Boarding Schools Inside Tibet”འམ་རྒྱ་ནག་གཞུང་གིས་མི་སེར་སྤེལ་བའི་ལམ་ལུགས་འོག་བོད་དུ་བཅའ་སྡོད་སློབ་གྲྭ་བཙུགས་ཡོད་པའི་སྐོར་གྱི་སྙན་ཐོ་འདི་གཉིས་རེད་འདུག གཟའ་འཁོར་འདིར་རྒྱལ་སྤྱིའི་བོད་དོན་བསྟི་གནས་ཁང་གི་ལས་བྱེད་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་སོགས་ཉི་ཧོང་ལ་ཆེད་བཅར་གྱིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དང་མཉམ་འབྲེལ་གྱིས་ཉི་ཧོང་གི་གྲོང་ཁྱེར་ཊོག་ཁཱོ་ནས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཡོད་འདུག

Arya Tsewang Gyalpo
Arya Tsewang Gyalpo

༧གོང་ས་མཆོག་གི་ཡང་སྲིད་ཀྱི་སྐོར་དང་བོད་ནང་དུ་རྒྱ་ནག་གིས་མི་སེར་སྤེལ་བའི་ཤེས་ཡོན་སྲིད་ཇུས་ལག་བསྟར་གྱིས་བཅའ་སྡོད་སློབ་གྲྭ་བཙུགས་ཡོད་པའི་སྐོར་ནས་བོད་གཞུང་མང་གཉིས་ཀྱིས་དེ་སྔོན་ནས་ཞུ་གཏུག་དང་བགྲོ་གླེང་གནང་བཞིན་ཡོད་ཀྱང་། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་གནད་དོན་གལ་ཆེན་པོ་འདི་གཉིས་ཀྱི་ཐོག་ལ་སྙན་ཐོ་བཏོན་པ་ནི་རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་དང་། ལྷག་པར་དུ་ཉི་ཧོང་ནི་དཔེ་ཀློག་ལ་དགའ་བའི་སྤྱི་ཚོགས་ཤིག་ཡིན་པས་བོད་དོན་སྙན་ཐོ་འདི་གཉིས་ཉི་ཧོང་སྐད་དུ་བསྒྱུར་ནས་དཔར་བསྐྲུན་འགྲེམས་སྤེལ་བྱེད་པ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ཉི་ཧོང་བཅའ་བཞུགས་བོད་ཀྱི་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་བོ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུང་སོང་ལ།

༧སྐུའི་ཡང་སྲིད་ཀྱི་སྐོར་ལ་ཡིན་ན་རེད། བོད་ནང་གི་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭའི་སྐོར་ཡིན་ན་རེད། དེ་སྔོན་ནས་གྲོས་ཚོགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གསར་འགོད་པ་ཚོར་ཞུས་བསྡད་ཡོད་པ་རེད་དེ། ཆ་སྡེབས་པའི་ཡིག་ཆ་ཞིག་འདོན་ཐུབ་པ་བྱུང་མེད། ད་ལྟ་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་བཏོན་པའི་སྙན་ཐོ་དེ་ཚོ་ཉི་ཧོང་སྐད་དུ་བསྒྱུར་ནས་འགྲེམས་སྤེལ་བྱེད་སྐབས། འདི་གལ་ཆེ་ནཔོ་ཆགས་འདུག འདི་ལ་ང་ཚོས་ཞིབ་འཇུག་བྱེད་ཀི་ཡིན། ཉི་ཧོང་གྲོས་ཚོགས་དང་ཉི་ཧོང་གཞུང་ལ་འབོད་སྐུལ་ཞུ་བར་ལ་ཕན་ཐོགས་ཆེན་པོ་འདུག་ཅེས་བརྗོད་ཀྱིན་ཡོད་པ་ཉི་ཧོང་གི་དོན་གཅོད་ཚེ་དབང་རྒྱལ་བོ་ལགས་ཀྱིས་ངོ་སྤྲོད་གནང་སོང་ལ། ཡང་བོད་པའི་སློབ་ཕྲུག་ལ་བོད་པའི་སྐད་ཡིག་མེད་པར་བཟོས་པ་ཁོ་ན་མིན་པར། ཁོ་ཚོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་གཏོང་རྒྱུ་དང་ཆབས་གཅིག་སློབ་གྲྭའི་བར་གསེང་སྐབས་སུ་གློག་བརྙན་བསྟན་ནས། དམག་ཆེན་གཉིས་པའི་ཉི་ཧོང་དང་རྒྱ་ནག་གཉིས་དམག་བརྒྱབ་པའི་སྐོར་ལས། དེའི་ནང་ནས་ཀྱང་ཉི་ཧོང་གི་མི་སྡུག་ཅག་ཡོད་པའི་སྐོར་ལ་སྙན་ཐོ་དེའི་ནང་དུ་བུ་གུ་ཚོས་གསུང་འདུག དེ་ཡིས་བོད་པ་ཁོ་ན་མིན་པར། ཉི་ཧོང་སྡུག་ཅག་ཡིན་པ་བོད་པའི་བུ་གུ་ཚོའི་ཀླད་པའི་ནང་ལ་མཇུག་ཐབས་བྱེད་བཞིན་པ་དེ་སྙན་ཐོའི་ནང་གསལ་བོ་ཡོད་དུས་ཉི་ཧོང་གི་མི་ཚོས་དོ་སྣང་བྱེད་བཞིན་འདུག ཅེས་དོན་གཅོད་ཚེ་དབང་རྒྱལ་བོ་ལགས་ཀྱིས་གསུང་བྱུང་།

རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་བཟང་ངན་གང་ཡིན་ཡང་། ཉི་ཧོང་སྐད་དུ་བོད་དོན་སྙན་ཐོ་བཏོན་པ་དེ་ཚོ་རྒྱ་ནག་ལ་ཉི་ཧོང་གིས་ནན་འདྲི་བྱེད་བྱད་ཀྱི་ལག་ཆ་གལ་ཆེན་པོ་ཞིག་ཆགས་བཞིན་པ་རེད་འདུག དེ་ཡང་དོན་གཅོད་སྐུ་ངོ་ཚེ་དབང་རྒྱལ་བོ་ལགས་ཀྱིས། ཉི་ཧོང་ནི་ཡར་རྒྱས་དང་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། ཆབ་སྲིད་དང་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐད་ནས་ཨ་རི་ལ་བརྟེན་དགོས་པ་དང་། དཔལ་འབྱོར་དང་ཚོང་འབྲེལ་ཐོག་ནས་རྒྱ་ནག་ལ་བསྟུན་བསྡད་ཡོད། འདིའི་བར་དུ་ཆ་སྙོམས་པོ་ཞིག་འདུག་རྒྱུར་ཐབས་ཤེས་འཐེན་གི་ཡོད། ཉི་ཧོང་གཞུང་གིས་རྒྱ་ནག་ལ་གང་ཡོང་གིས་བསྟུན་མཁས་བྱེད་བཞིན་པ་ཉི་ཧོང་མི་མང་གིས་ཧ་གོ་བསྡད་ཡོད་རེད། ཡིན་ན་ཡང་རྒྱ་ནག་གིས་རྩུབ་པོའི་ངང་དེ་ཙམ་གྱིས་ངོས་ལེན་བྱེད་བཞིན་མེད། ཅེས་དང་། ཡང་རྒྱལ་ཁབ་གཉིས་འཆམ་པོ་བྱེད་དགོས་པ་གལ་ཆེན་པོ་རེད་དེ། ཡིན་ན་ཡང་རྒྱལ་ཁབ་གཅིག་གིས་གཞན་གྱི་མི་རིགས་ལ་མཐོང་ཆུང་བྱེད་པ་དང་དེའི་སྐད་ཡིག་འཕྲོག་པ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་ཡིན་ན་རྒྱལ་ཁབ་གཞན་དེ་ཁ་བཙུམས་བསྡད་ན་འགྲིག་གི་མ་རེད། ཁ་གྲགས་དགོས་རེད། ང་ཚོར་ཡང་སྙན་ཐོ་བཏོན་པ་དེ་ཚོ་གལ་ཆེན་པོ་རེད་ལ་ཤུགས་ཆེ་ཙམ་གསལ་བསྒྲགས་བྱེད་དགོས་རེད་ཅེས་ཟེར་གི་འདུག ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་དེ་དཀའ་ལས་ཁག་པོ་ཞིག་ཆགས་བསྡད་ཡོད་རེད་དེ། འདིའི་བར་རོལ་ནས་འདི་འདྲའི་སྙན་ཐོ་བཏོན་པའི་ཐོག་ནས་ཉི་ཧོང་གིས་ཀྱང་། རྒྱ་ནག་ཁྱོད་རང་ཚོས་ང་ཚོར་སྡུག་རྩུབ་ཀྱི་སྐད་ཆ་བཤད་ཀི་འདུག་ཏེ། ཁྱེད་ཚོའི་གནས་སྟངས་འདི་ག་རེ་རེད་དམ་ཞེས་ལབ་རྒྱུའི་ལག་ཆའམ་ཡང་ན་ཆོ་ལོ་ཞིག་སྟོན་རྒྱུའི་ནུས་པ་ཆེན་པོ་ཞིག་ཐོན་གི་ཡོད་པ་གསལ་བོ་རེད། ཅེས་གསུང་བྱུང་།

ཡང་འཛམ་གླིང་ཤར་ནུབ་གཉིས་ཀྱི་བར་དུ་ཉི་ཧོང་ནི་ཕྱོགས་མང་པོ་ནས་རྒྱལ་ཁབ་གལ་ཆེན་པོ་ཞིག་ཆགས་ཡོད་དུས་ཉི་ཧོང་དུ་བོད་དོན་གོ་རྟོགས་སྤེལ་བར་གོ་སྐབས་ཡོད་པ་གང་ཞིག་ལ་གལ་ཆེན་པོ་ཡིན་པའི་ཐད་ལ་ཚེ་དབང་རྒྱལ་བོ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་སྐབས་སུ་གསུང་དོན་བྱེད་ན། ཉི་ཧོང་གི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་བོད་དོན་གོ་རྟོགས་སྤེལ་བའི་ཆེད་དུ་དུས་ཚིགས་རེ་རེ་བྱེད་དེ་ལོ་རེར་བོད་དོན་དུས་དེབ་བཞི་རེ་འདོན་སྤེལ་གནང་བཞིན་པར་ལྟ་ཀློག་བྱེད་མཁན་མང་པོ་ཡིན་པ་མ་ཟད། དྲ་ཚིགས་སུ་དཔར་འགྲེམས་བྱེད་པར་དོ་སྣང་བྱེད་མཁན་ཡང་མང་པོ་ཡོད་འདུག འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བོད་པའི་སྤྱི་ཚོགས་སུ་ཉི་ཧོང་གི་སྐད་ཡིག་ཤེས་མཁན་ཉུང་ཉུང་ཡིན་པ་དང་ཉི་ཧོང་དུ་གནས་སྡོད་བོད་མི་ཡང་ཧ་ཅང་ཉུང་ཉུང་ཡིན་པ་བཅས་ལས་ཉི་ཧོང་དུ་བོད་པའི་མི་འབོར་ཇེ་མང་གཏོང་དགོས་པ་དང་བོད་པའི་སྤྱི་ཚོགས་སུ་ཉི་ཧོང་སྐད་ཡིག་ཤེས་མཁན་ཇེ་མང་གཏོང་དགོས་པའི་དགོངས་ཚུལ་གསུང་མཁན་མང་པོ་ཡོད་འདུག དེ་ཡང་ཚེ་དབང་རྒྱལ་བོ་ལགས་ཀྱིས་གསུང་དོན་ལྟར་ན། བོད་ཀྱི་སྤྱི་ཚོགས་སུ་ཉི་ཧོང་སྐད་ཡིག་གི་མི་ཆ་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་སྟེ། ཡར་རྒྱས་དང་རང་དབང་ཅན་གྱི་ཉི་ཧོང་ནི་རྒྱལ་སྤྱིའི་ནང་ཆ་འཇོག་བྱེད་སའི་རྒྱལ་ཁབ་ཅིག་ཡིན་པ་དང་བོད་དོན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་དུས་ང་ཚོའི་ཐོག་ནས་ཀྱང་བོད་དོན་ཡིག་ཆ་ཁག་ཉི་ཧོང་སྐད་ཡིག་ཏུ་སྤེལ་དགོས་པ་གལ་ཆེན་པོ་ཡིན་པར་ནན་བརྗོད་གནང་བྱུང་།

XS
SM
MD
LG