ད་ལོའི་སྤྱི་ཟླ་བཅུ་བའི་ཚེས་གཅིག་གི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་འདི་ནི། ཞིས་ཅིན་ཕིན་གྱི་འཛིན་སྐྱོང་སྐབས་གསུམ་པའི་སྐབས་ཀྱི་རྒྱལ་སྟོན་དུས་ཆེན་ཐེངས་དང་པོ་དེ་རེད་ལ། ཟླ་དགུ་བའི་ཚེས་ཉེར་བརྒྱད་ཀྱི་ཉིན་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་ད་ལོའི་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་ཕིན་གྱིས་གཏམ་བཤད་སྤེལ། ཁོས་ ད་ལོའི་སྣེ་ལེན་ཚོགས་འདུའི་སྟེང་སྤེལ་བའི་གཏམ་བཤད་ཀྱི་ནང་དོན་སྔོན་ལྟར་སྤོབས་པའི་ཁེངས་པ་ཞིག་མ་ཡིན་པར། ཁོས་ང་ཚོའི་རྐང་འོག་གི་ལམ་ཁ་ནི་དེ་འདྲའི་བདེ་མོ་ཞིག་ཡིན་མི་སྲིད་ཅེས་པའི་ཚིག་ཅིག་ཀྱང་བཤད་འདུག ཞིས་ཅིན་ཕིན་གྱི་གཏམ་བཤད་ཀྱི་ཚིག་འདི་ལས་འཕྲོས་ཏེ་སྲིད་དོན་དབྱེ་ཞིབ་པ་དག་གིས། ཞིས་ཅིན་ཕིན་གྱིས་སྣེ་ཁྲིད་པའི་ད་ལྟའི་རྒྱ་ནག་གི་འཛིན་སྐྱོང་གཞུང་གི་ངོས་ནས་ཕྱི་འབྲེལ་དང་། དཔལ་འབྱོར། ཆབ་སྲིད་འཛིན་སྐྱོང་སོགས་ཕྱི་ནང་གི་ལས་དོན་གང་ཅིའི་ཐད་དཀའ་ངལ་མང་པོ་ཞིག་མདུན་ལ་ལྷགས་ཡོད་པར་ངོས་ཟིན་ཟབ་མོ་ཐོབ་འདུག་ཅེས་དབྱེ་ཞིབ་བྱས་འདུག
དེ་སྔོན་ཞིས་ཅིན་ཕིན་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་དུ་བསྡད་པའི་ལོ་དང་པོའི་གནས་ཚུལ་ལ་ཕྱིར་དྲན་ཞིག་བྱས་ཚེ། སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་དྲུག་བཅུ་རེ་ལྔ་བའི་སྐབས་ཀྱི་སྣེ་ལེན་ཚོགས་འདུའི་སྟེང་ཞིས་ཅིན་ཕིན་གྱིས་གཏམ་བཤད་སྤེལ་སྐབས། ང་ཚོའི་མདུན་གྱི་ལམ་ཐག་ཧ་ཅང་རིང་པོ་རེད་ལ། ལམ་ཁ་དེ་འདྲའི་བདེ་མོ་མ་རེད་ཅེས་པའི་ཚིག་ཅིག་བཤད་མྱོང་མོད། ཡིན་ནའང་དེ་ནས་ལོ་ལྔའི་རྗེས་སྟེ། སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་སྟོན་གྱི་སྐབས་སུ་གཏམ་བཤད་སྤེལ་སྐབས་ཁོའི་གཏམ་བཤད་ཀྱི་ནང་དོན་ལ་སྐྱོ་ཉམས་ཀྱིས་ཁེངས་མེད་པར། ང་ཚོས་རྒྱ་ནག་དམར་ཤོག་དབུས་གཞུང་གི་མཐའ་རུ་མཐུན་སྒྲིལ་རྡོག་རྩག་གཅིག་སྒྲིལ་བྱེད་དགོས་ཅེས་དང་། ལོ་དེའི་རྒྱ་ནག་གི་རྒྱལ་ཁབ་བཙུགས་ནས་ལོ་ངོ་ཧྲིལ་བོ་བདུན་བཅུ་འཁོར་བའི་དམག་གཟིགས་མཛད་སྒོའི་སྟེང་དུ་ཡང་ཁོས་སྤོབས་པ་ཆེན་པོས། རྒྱ་ནག་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་ཀྱི་གོམས་སྟབས་ལ་སྟོབས་ཤུགས་གང་གིས་ཀྱང་བཀག་འགོག་བྱ་ཐབས་མེད་ཅེས་ཀྱང་བཤད་འདུག། འདིའི་ཐད་ཐེ་པེ་རུ་ཡོད་པའི་ཉམས་ཞིབ་པ་ཚིན་ཅན་ཡོན་གྱིས། ཞིས་ཅིན་ཕིན་གྱི་གཏམ་བཤད་སྔ་རྗེས་བར་གསུམ་གྱི་ནང་དོན་བསྡུར་ནས་དབྱེ་ཞིབ་བྱས་ཡོད་པ་ལྟར་ན། ད་ལོར་ཞིས་ཡི་གཏམ་བཤད་ཀྱི་ནང་དོན་ཉམ་དམའ་རུ་ཕྱིན་ཡོད་པ་ནི། ཁོའི་འཛིན་སྐྱོང་སྐབས་གསུམ་པའི་མགོ་བཙུགས་པའི་ལོ་འདིའི་ནང་རྒྱ་ནག་ཏུ་དཔལ་འབྱོར་ལ་ཉམས་ཆག་ཆེན་པོ་བྱུང་བ་དང་། ཨུ་ཡུག་དམག་འཁྲུག་ལ་རྐྱེན་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་རྒྱ་ནག་སོགས་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་དག་གི་འཇིགས་ཉེན་ལ་ཡ་ལན་སློག་རྒྱུའི་མགོ་བརྩམས་ཡོད་པ་སོགས་ཕྱི་ནང་གཉིས་སུ་འགལ་རྐྱེན་མང་པོར་འཕྲད་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་གནས་སྟངས་མང་པོ་ཞིག་གི་ངོས་ནས་དཀའ་ངལ་འཕྲད་བཞིན་པ་ཡང་། དེ་སྔོན་ཞིས་ཅིན་ཕིན་འཛིན་སྐྱོང་གཞུང་གི་བྱེད་སྟངས་ཁག་ཅིག་ཚད་ལས་བརྒལ་སོང་བའི་མཇུག་འབྲས་ཡིན་ལ། ད་ལྟ་ཞིས་ཅིན་ཕིན་རང་ཉིད་ཀྱང་། བཟུང་ན་ལག་པ་འཚིག བཏང་ན་རྫ་མ་ཆག་ཟེར་བའི་དཔེ་ལྟར་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པ་རེད་ཅེས་དཔྱད་བརྗོད་སྤེལ་འདུག
གཞན་ཡང་དཔྱད་བརྗོད་པ་དག་གིས་ཡོངས་གྲགས་ཀྱི་ཐོག་ནས། རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱ་རྒྱུའི་དཀའ་ངལ་ནི་ཞིས་ཅིན་ཕིན་གྱི་མདུན་དུ་ལྷགས་པའི་དཀའ་ངལ་ཆེ་ཤོས་དེ་ལ་ངོས་འཛིན་བྱེད་བཞིན་པ་དང་། ཁྱད་པར་དུ་ཉེ་ཆར་རྒྱ་ནག་གི་ས་ཁང་ཐོན་ལས་གཉེར་མཁན་གྱི་སྤྱི་གཉེར་ཁང་ཆེ་ཤོས། ཧིན་ཏཱ་སྤྱི་གཉེར་ཁང་གི་འགན་འཛིན་ཞཱོས་ཅ་ཡན་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ནི། དེང་སྐབས་དཀའ་ངལ་གྱི་འོག་ཏུ་ཡོད་པའི་ཁང་ཚོང་གཉེར་མཁན་གྱི་ཁེ་ལས་ཁག་དང་རྒྱ་ནག་གི་ཁང་ཁྲོམ་གྱི་ངོས་ནས་བཤད་ན་མུ་མཐུད་ནས་དཀའ་ངལ་མང་པོ་བྱུང་རྒྱུའི་སྔ་ལྟས་ཤིག་ཡིན་པ་མ་ཟད། ས་ཁང་ཐོན་ལས་དང་འབྲེལ་བ་ཡོད་པའི་ཚོང་གཉེར་སྡེ་ཚན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། གནས་ཚུལ་འདི་དང་འབྲེལ་ནས་ཞིས་ཅིན་ཕིན་གྱིས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱ་རྒྱུར་ཡང་འགོག་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་དེ། དེ་ཡང་རྒྱ་ནག་ལ་མཚོན་ན་ས་ཁང་ཐོན་ལས་ཀྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ལས་བཞི་ཆའི་གཅིག་ཟིན་ཡོད་པ་རེད། དེ་བས་ཉམས་ཞིབ་སྡེ་ཚན་དག་གིས་ད་ལོའི་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱི་ཐང་དེ་བརྒྱ་ཆའི་༤.༧་གྱི་གཡས་གཡོན་ཡིན་པའི་ཚོད་དཔག་བྱེད་རྒྱུ་ཡོད་ནའང་། ད་ལོི་རྗེས་མར་༣.༩་ལ་མར་ལྷུང་ངེས་པའི་ཚོད་དཔག་བྱེད་བཞིན་འདུག། ཐེ་ཝན་དབུས་གསར་འགྱུར་ཁང་གིས་ཟླ་སྔོན་མའི་ནང་བསྡོམས་རྩིས་བྱས་པ་ལྟར་ན་ཡང་། ཆེས་ཉུང་མཐའ་ཡང་རྒྱལ་སྤྱིའི་ནོར་སྲིད་དང་དཔལ་འབྱོར་ཐད་ཀྱི་ཆེད་མཁས་པ་མི་བདུན་བཅུ་དོན་དྲུག་གིས་ད་ལོ་དང་ལོ་རྗེས་མའི་ནང་། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་ཚོད་དཔག་གི་ཚད་ལས་མར་ཆག་སྲིད་པའི་ངོས་འཛིན་བྱས་འདུག
རྒྱ་ནག་གི་གནད་དོན་འདི་དག་གི་ཐད། ཨ་རིའི་ཉིག་ཡོག་གྲོང་ཁྱེར་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་ཞྭ་མིན་གྱིས། འདི་ལྟར་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཆག་དང་། དངུལ་སྒོར་གྱི་འཛའ་ཐང་ཆག་པ། ས་ཁང་ཐོན་ལས་གྱི་རིན་གོང་ཆག་པ་སོགས་ཀྱིས་མི་དམངས་ལ་སེམས་ཁྲེལ་དང་དཀའ་ངལ་བྱུང་དུ་བཅུག་ཡོད་པ་རེད། ཡིན་ནའང་ཞིས་ཅིན་ཕིན་གྱིས་དཀའ་ངལ་འདི་སེལ་རྒྱུའི་ཐབས་ལམ་ཅི་ཡང་འཚོལ་གྱི་མེད་པས་ན། རྒྱ་ནག་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་དང་། ཕྱིའི་རྒྱལ་ཁབ་ཀྱི་མ་རྩ་གཏོང་མཁན་སོགས་ལ་འཇིགས་སྣང་བསླངས་ཤིང་། ཁོ་ཚོའི་ཡིད་ཆེས་བརླག་ཡོད་པ་རེད་ཅེས་དང་། དེ་མིན་ཞིས་ཅིན་ཕིན་གྱི་འཛིན་སྐྱོང་སྐབས་གསུམ་པའི་མགོ་བཙུགས་ནས་ལོ་ཕྱེད་ཡང་འགོར་མེད་པའི་སྐབས་འདིར། རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་དང་། རྒྱལ་སྲུང་ལྷན་ཁང་གི་མགོ་ཁྲིད་གཉིས་གར་སོང་ཆ་མེད་དུ་གྱུར་ཅིང་། དེ་ལས་གཞན་པའི་མཐོ་རིམ་མགོ་ཁྲིད་ཁག་ཅིག་ལ་བརྟག་དཔྱད་བྱ་བཞིན་པའི་གནད་དོན་བྱུང་ཡོད་ལ། གནས་ཚུལ་འདི་ལྟ་བུ་རྒྱུན་ལྡན་གྱི་དམངས་གཙོའི་རྒྱལ་ཁབ་ཞིག་གི་ནང་དུ་བྱུང་ཡོད་ཚེ་གཞུང་གི་ལས་ཀ་མུ་མཐུད་འཛིན་སྐྱོང་བྱ་ཐབས་མེད་པའི་གནས་སུ་ལྷུང་ངེས་རེད་ཅེས་དཔྱད་བརྗོད་སྤེལ་འདུག། གཞན་ཡང་ཐེ་པེ་རུ་ཡོད་པའི་སྤྱི་དམངས་གྲོས་ཚོགས་ལྟ་རྟོག་མཐུན་ཚོགས་ཀྱི་ལས་འཛིན་ཀྲང་ཧོང་ལིན་གྱིས། ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་དགུ་ལོའི་རྗེས་ནས་རྒྱ་ནག་གི་མི་མང་ཆེ་བ་ཞིག་གི་རང་དབང་དོན་གཉེར་གྱི་བསམ་བློར་འགྱུར་ལྡོག་བྱུང་ལ། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་མགྱོགས་རུ་ཕྱིན་པ་དང་བསྟུན་ནས་མི་རྣམས་ཀྱི་བསམ་བློ་ཡང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཕྱོགས་ལ་འཁོར་ཡོད་མོད། ཡིན་ནའང་ཉེ་བའི་ལོ་འདི་གའི་རིང་དུ་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཆག་བྱུང་བ་དང་། ཞིས་ཅིན་ཕིན་གྱིས་སྤྱི་ཚོགས་བཀག་སྡོམ་བྱེད་རྒྱུ་ཤུགས་ཆེ་རུ་བཏང་བ་སོགས། བྱེད་སྟངས་འདི་དག་ལ་རྐྱེན་བྱས་ནས་རྒྱ་ནག་མི་དམངས་ནས་ཡང་བསྐྱར་རང་དབང་དམངས་གཙོ་དོན་གཉེར་བྱ་རྒྱུའི་ཐད་བསམ་བློ་འཁོར་སྲིད་པ་རེད་ཅེས་ཀྱང་དཔྱད་བརྗོད་སྤེལ་འདུག