ངོ་འཕྲད་བདེ་བའི་དྲ་འབྲེལ།

ནག་ཆུ་ཁུལ་དུ་བོད་ཡིག་མེད་པར་བཟོས་ཏེ་རྒྱ་ཡིག་སློབ་ཁྲིད།


༄༅།། རྒྱ་ནག་གཞུང་གིས་བོད་ལྗོངས་ནག་ཆུ་ཁུལ་དུ་བོད་ཡིག་མེད་པར་བཏང་སྟེ་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་དགོས་པའི་ཁྱབ་བསྒྲགས་གསར་པ་ཞིག་བཀྲམ་ཡོད་པའི་གནས་ཚུལ་ཐོན་འདུག བོད་ནས་མིང་དངོས་སུ་བརྗོད་འདོད་མེད་པའི་མི་ཞིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༩་པའི་ཚེས་༡༢་ནས་བཟུང་སྟེ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་ཁག་ལ་རྒྱ་གཞུང་གི་ཡིག་ཆ་གསར་པ་ཞིག་བཀྲམ་སོང་། ཡིག་ཆ་དེའི་ནང་དོན་གཙོ་བོ་ནི་རྒྱའི་སྐད་ཡིག་སྤྱི་སྐད་དུ་བཟུང་ནས་སློབ་ཁྲིད་བྱེད་དགོས་བ་དང་རྒྱའི་སྐད་ཡིག་ཁོ་ནའི་སྟེང་དུ་ཤེས་ཡོན་སློབ་ཁྲིད་བྱེད་དགོས་ཞེས་འཁོད་འདུག གསལ་བསྒྲགས་དེའི་མདོ་དོན་སྙིང་པོ་ནི་བོད་ཀྱི་སྐད་ཡིག་མེད་པར་བཟོས་ཏེ་རྒྱའི་སྐད་ཡིག་སློབ་ཁྲིད་བྱེད་དགོས་པ་དེ་རེད་ཅེས་བཤད་འདུག


གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ནག་ཆུ་གྲོང་ཁྱེར་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་ཕལ་ཆེ་བའི་སློབ་ཕྲུག་རྣམས་བོད་ཕྲུག་ཡིན་རུང་བོད་ཡིག་སློབ་ཁྲིད་བྱ་རྒྱུ་མེད་པར་བཟོས་སོང་། ད་ལྟ་ལས་རིགས་ལག་རྩལ་སློབ་གྲྭ་ཁག་ཏུ་བོད་ཡིག་ཡོད་པ་མ་རེད། དེ་ནི་ང་ཚོ་བོད་མི་རིགས་ལ་མཚོན་ན་ཧ་ཅང་བློ་ཕམ་དང་གྱོང་གུད་ཆེན་པོ་ཞིག་རེད། གལ་སྲིད་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་དོ་ཁུར་བྱས་ནས་གོང་རིམ་ལ་ཞུས་ཀྱང་གྲུབ་འབྲས་གང་ཡང་འཐོན་མི་ཐུབ། གང་ཟག་དེ་ཐད་ཀར་འཛིན་བཟུང་བྱེད་པའམ། ཡང་ན་གྲགས་འགུལ་མེད་པའི་གནས་སུ་སྐྱེལ་གྱི་རེད། ད་ལྟའི་བར་དུ་བོད་མི་རིགས་དང་སྐད་ཡིག་གི་ཕྱོགས་སུ་བསམ་ཚུལ་བཤད་མཁན་མང་པོ་ཞིག་བྱུང་བ་རྣམས་མངོན་གསལ་མེད་པར་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་མྱོང་ཡོད་པ་རེད་ཅེས་བཀྲལ།།

གསར་འགྱུར་མཁོ་སྤྲོད་པས་གནས་ཚུལ་དེའི་རིགས་བྱུང་མ་ཐག་ཏུ་བོད་ཕྱི་ལོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་དང་རྒྱལ་ནང་གི་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་བོད་ནང་གི་གནས་ཚུལ་ཚང་མ་སྦས་གསང་ཆེན་པོ་བྱེད་ཀྱི་འདུག ད་ལྟ་རྒྱལ་སྟོན་དུས་ཆེན་སྐབས་འདིར་ནག་ཆུ་དང་བོད་ལྗོངས་ལྷ་ས་གཉིས་སུ་གྲ་སྒྲིག་མང་པོ་ཞིག་བྱས་དང་བྱེད་བཞིན་འདུག ནག་ཆུ་ནས་མི་ཁ་ཤས་འཛིན་བཟུང་བྱས་འདུག་ཟེར་བའང་བདེན་པ་ཡིན་ཚོད་འདུག དེང་སྐབས་དམ་དྲག་ཧ་ཅང་ཆེན་པོ་ཡིན་པས་དུས་ཐོག་ཏུ་གནས་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་གསལ་གྱིས་རྒྱ་ནག་གཞུང་གིས་བོད་ལྗོངས་ལྷ་ས་དང་ནག་ཆུ་ཕྱོགས་སུ་ཉེ་ཆར་ཁྱབ་སྤེལ་ཤུགས་ཆེར་བྱེད་བཞིན་པའི་ཡིག་ཆ་དེར་དོན་ཚན་གཙོ་ཆེ་བ་ལྔ་འཁོད་ཀྱང་ནང་གསེས་དོན་ཚན་འགའ་ཞིག་འདུག ཡིན་ནའང་ནང་གསེས་དོན་ཚན་ཕལ་ཆེ་བ་རྒྱའི་སྐད་ཡིག་ཁྱབ་སྤེལ་གཏོང་དགོས་པ་ཁོ་ན་རེད། རྒྱ་གཞུང་གི་ཡིག་ཆ་དེ་༢༠༢༡་ལོའི་ཕྱི་ཟླ་༩་པར་སྤེལ་བ་ཡིན་ཞེས་འཁོད་འདུག་པ་སོགས་ཀྱི་གནས་ཚུལ་རྣམས་གསར་འགོད་པར་འགྲེལ་བརྗོད་གནང་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG