ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་བློན་མོ་དྷི་ལ་དྭགས་སུ་ཕེབས་ནས་རྒྱ་གར་གྱི་དམག་ལ་གཟིགས་ཞིབ། 


སྲིད་བློན་མོ་དྷི་ལ་དྭགས་སུ་ཕེབས་པ། ༢༠༢༠།༧།༣
སྲིད་བློན་མོ་དྷི་ལ་དྭགས་སུ་ཕེབས་པ། ༢༠༢༠།༧།༣

༄༅།། ཕྱི་ཟླ་༧་ཚེས་༣་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་དྭགས་སུ་ཕེབས་ནས་རྒྱ་གར་གྱི་དམག་ལ་གཟིགས་ཞིབ་དང་མཐའ་མཚམས་སྲུང་བའི་རྒྱ་གར་གྱི་དམག་གི་སྙིང་སྟོབས་ལ་བསྔགས་བརྗོད། སྲིད་བློན་མོ་དྷིས་རྒྱ་གར་གྱི་དམག་གིས་ཞུམ་པ་མེད་པར་འཐབ་རྒོལ་བྱས་ནས་འཛམ་གླིང་ཡོངས་ལ་གོ་བརྡ་གསལ་པོ་ཞིག་འཕྲོད་ཡོད་པ་དང་རྒྱ་གར་གྱི་དམག་གིས་དཔའ་རྟགས་བཞག་པ་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཀུན་ཏུ་གླེང་བཞིན་ཡོད། ཁྱེད་ཚོའི་དཔའ་མཛངས་རྟུལ་ཕོད་ཀྱི་རང་གཤིས་དེ་དགྲ་ཕྱོགས་ཀྱིས་མཐོང་ཡོད་པ་རེད་ཅེས་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་གྷལ་ཝན་ལུང་གཤོང་དུ་དམར་འཛིང་ཐུག་པ་ལུང་འདྲེན་དང་སྐབས་དེར་ཚེ་སྲོག་ཤོར་པའི་རྒྱ་གར་གྱི་ས་མཚམས་སྲུང་དམག་འདས་པོ་ཚོར་མྱ་ངན་དང་རྗེས་དྲན་ཞུས། སྲིད་བློན་མོ་དྷིས་རྒྱ་གར་གྱི་དམག་གིས་དཔའ་རྟགས་བཞག་པ་ནི་གླེ་དང་སེ་ཆེན། མཁར་དཀྱིལ་དང་གྷལ་ཝན་ལུང་གཤོང་སོགས་ཀྱི་ཆུ་ཀླུང་ཀུན་དང་རི་བོ་ཐམས་ཅད་ཀྱིས་བདེན་དཔང་བྱེད་ཐུབ། ཁྱེད་ཚོས་རང་ཡུལ་དབང་དུ་བསྡུ་རུ་ཡོང་མཁན་ཚོར་འོས་ཤིང་འཚམས་པའི་རྒོལ་ལན་སློག་པ་རེད། རྒྱ་གར་གྱིས་རྟག་ཏུ་འཛམ་གླིང་འདིར་ཞི་བདེ་བསྐྲུན་ཐབས་བྱེད་བཞིན་ཡོད། ཡིན་ནའང་སྟོབས་ཤུགས་མེད་པ་དང་གཉོམ་ཆུང་བྱས་ནས་ནམ་ཡང་ཞི་བདེ་བསྐྲུན་མི་ཐུབ། དཔའ་སྟོབས་དང་གདེང་སྤོབས་ནི་ཞི་བདེའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་བཤད།།

སྲིད་བློན་མོ་དྷིས་ས་མཚམས་ཀྱི་དམག་མིར་གཟིགས་ཞིབ།
སྲིད་བློན་མོ་དྷིས་ས་མཚམས་ཀྱི་དམག་མིར་གཟིགས་ཞིབ།

སྲིད་བློན་མོ་དྷིས་རྒྱ་ནག་ཅེས་དངོས་སུ་མིང་འབོད་མ་བྱས་ཀྱང་རྒྱ་ནག་གིས་གྷལ་ཝན་ལུང་གཤོང་དང་སྤང་ཀོང་འགྲམ་སོགས་སུ་རྒྱ་གར་གྱི་ས་ཐོག་ཏུ་ཧམ་འཛུལ་བྱེད་ཀྱི་ཡོད་པར་རྒོལ་གཏམ་དྲག་པོ་བཏང་ཡོད་པ་སྟེ། སྲིད་བློན་མོ་དྷིས་ཡུལ་དུས་ལ་འགྱུར་བ་ཕྱིན་ཡོད་པ་དང་རྒྱ་སྐྱེད་རིང་ལུགས་ཀྱི་དུས་སྐབས་ཡོལ་ཟིན་པ་རེད། ད་ནི་འཛུགས་སྐྲུན་དང་ཡར་རྒྱས་ཀྱི་དུས་སྐབས་རེད། རྒྱལ་ཁབ་འགའ་རེའི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་དེས་འཛམ་གླིང་ཞི་བདེ་ལ་གཏོར་བརླག་བྱེད་ཀྱི་འདུག ལོ་རྒྱུས་ལ་ཕྱི་མིག་བལྟས་ན་རྒྱ་སྐྱེད་རིང་ལུགས་ལ་ཕམ་ཉེས་བྱུང་བའམ། ཡང་ན་རྒྱ་སྐྱེད་པ་རྣམས་རང་སར་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་ཤེས་ཐུབ་ཅེས་ནན་བརྗོད་བྱས་འདུག འདི་ནི་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ལྷོ་ཨེ་ཤི་ཡ། ཤར་རྒྱ་ནག་རྒྱ་མཚོ་བཅས་ཀྱི་མཐའ་མཚམས་ཁག་ཏུ་མངའ་ཁོངས་རྒྱ་སྐྱེད་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་༢༡་ལ་འཁྲུག་རྩོད་སློང་གི་ཡོད་པར་གོ་དགོས། དེ་རིང་གཟའ་པ་སངས་ཉིན་སྲིད་བློན་མོ་དྷིས་ལ་དྭགས་སུ་བཀྲམ་ཡོད་པའི་རྒྱ་གར་གྱི་དམག་ལ་གཟིགས་ཞིབ་ཏུ་ཕེབས་རྒྱུ་ཁ་སང་དགོང་མོར་འཕྱི་བོའི་དུས་སུ་ཐག་གཅོད་བྱུང་ཞིང་། རྒྱ་གར་གཞུང་གིས་ཕྱི་ཟླ་༧་ཚེས་༣་ཉིན་སྲིད་བློན་མོ་དྷི་ལ་དྭགས་སུ་ཕེབས་ཀྱི་ཡོད་པ་གསང་རྒྱ་དམ་པོ་བྱས་ཀྱང་སྲིད་བློན་མོ་དྷིའི་གནམ་གྲུ་ལ་དྭགས་སུ་འབྱོར་ཟིན་པའི་རྗེས་སུ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་ཞིང་། ལ་དྭགས་ཀྱི་རྒྱལ་ས་གླེ་གྲོང་ཁྱེར་གྱི་ཕྱི་ལོགས་སུ་ཆགས་པའི་ནི་མོ་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་དུ་སྲིད་བློན་མོ་དྷིས་རྒྱ་གར་གྱི་མཐོ་རིམ་དམག་དཔུང་བཀོད་འདོམས་པ་ཚོར་ཐུག་འཕྲད་གྲོས་མོལ་བྱས་འདུག

ལོ་ན་༦༩་ལ་སོན་པའི་སྲིད་བློན་མོ་དྷིས་སྔོན་ཆད་ཟངས་དཀར་དང་ཀ་ར་ཀོ་རམ་སོགས་ས་ཁྲ་འབའ་ཞིག་གི་ཐོག་ཏུ་མཐོང་མོད། འོན་ཀྱང་ཐེངས་འདིའི་གཟིགས་ཞིབ་དུས་སུ་སྲིད་བློན་མོ་དྷིས་དངོས་སུ་ཟངས་དཀར་དང་ཀ་ར་ཀོ་རམ་སོགས་རྒྱང་ནས་མཐོང་ཡོད་པར་མ་ཟད། སྲིད་བློན་མོ་དྷིས་ལ་དྭགས་ཀྱི་ས་གནས་ཁག་ཏུ་བཀྲམ་ཡོད་པའི་རྒྱ་གར་གྱི་དམག་མི་དཀྱུས་མ་ཁག་ཅིག་ལའང་ཐུག་འཕྲད་དང་བཀའ་མོལ་གནང་བ། ཁོང་གིས་རྒྱ་གར་གྱི་དམག་མི་དཀྱུས་མ་ཚོའི་བསམ་འཆར་ལ་གསན་ཞིབ། གྷལ་ཝན་ལུང་གཤོང་དུ་འཁྲུག་རྩོད་བྱུང་བའི་ཉི་མ་༡༨་ཀྱི་གཞུག་དེར་སྲིད་བློན་མོ་དྷི་ལ་དྭགས་ལ་ཕེབས་ནས་རྒྱ་གར་གྱི་དམག་ལ་གཏམ་བཤད་བྱས་པ་ནི་རྒྱ་ནག་ལ་ཉེན་བརྡ་ནན་པོ་ཞིག་བཏང་བ་མཚོན་ཐུབ། སྲིད་བློན་མོ་དྷིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་རང་གི་ནུབ་ཕྱོགས་དམག་དཔུང་བཀོད་འདོམས་པ་གཏུམ་སྤྱོད་ཅན་ཀྲའོ་ཙུང་ཆི་འཕོ་འགྱུར་བཏང་ནས་སྔོན་མའི་གནས་བབ་སླར་གསོ་བྱེད་པའམ། ཡང་ན་རྒྱ་དམག་རྣམས་རྒྱ་གར་གྱི་མངའ་ཁོངས་སུ་ཧམ་འཛུལ་བྱས་ནས་འཁྲུག་རྩོད་སློང་གི་ཡོད་པའི་མཇུག་འབྲས་མཐའ་དག་རྒྱ་ནག་གིས་འཁུར་དགོས་པའི་གདམ་ཀ་སྤྲད་པ་རེད་ཅེས་རྒྱ་གར་གྱི་ཉམས་ཞིབ་པ་ཚོས་གླེང་། དེང་སྐབས་རྒྱ་དཀར་ནག་གི་དམག་དཔུང་རྣམས་ལ་དྭགས་ཤར་ཕྱོགས་ཀྱི་ས་གནས་ཁག་བཞི་ལ་གདོང་ཐུག་རྒྱག་གྲབས་ཡོད་ཅིང་། རྒྱ་ནག་གིས་ཁ་ནས་ཞི་བདེ་བཤད་ཀྱང་ས་གནས་ས་ཐོག་ཏུ་དམག་གྲྭ་བསྒྲིགས་ཏེ་འཐབ་འཁྲུག་གི་ཇུས་གཤོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་བློན་མོ་དྷིས་གཏམ་བཤད་བྱ་ཡུལ་ས་གནས་ཏེ། ནི་མོ་དམག་སྒར་དེར་རྒྱ་གར་གྱི་གནམ་དམག་དང་སྐམ་དམག ཧིན་བོད་ས་མཚམས་ཉེན་རྟོག་དཔུང་སྡེ་དང་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་དཔུང་སྡེ་བཅས་རྒྱ་གར་གྱི་དམག་གི་དཔུང་སྡེ་འགའ་ཞིག་མཉམ་དུ་འདུས་པའི་མདུན་སྐྱོད་དཔུང་སྡེ་ཞིག་ཡིན། དམག་སྒར་དེར་རྒྱ་གར་གྱི་མེ་སྒྱོགས་རུ་ཁག་དང་མཚོན་ཆ་ཆེ་ཁག་རྣམས་སྡེབ་གསོག་བརྒྱབ་སྟེ་དམག་སྒར་གྱི་མཐའ་འཁོར་དུ་ས་དོང་བྲུས་ནས་འཐབ་ར་བརྐོས་ཡོད་པ་དང་བྱེ་མའི་འཐབ་ར་བརྩིགས་ནས་དམག་འཁྲུག་གི་གྲ་སྒྲིག་འཐུས་ཚང་བྱེད་ཡོད་པའི་འདྲ་པར་རྣམས་གསར་འགོད་པ་ཚོར་བཀྲམ། རྒྱ་གར་གྱི་དམག་གིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ཞོར་དུ་པ་ཀི་སི་ཐན་ལའང་དོགས་ཟོན་བྱ་དགོས། རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་རེ་བཞིན་དུ་པ་ཀི་སི་ཐན་གྱིས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་ནས་རྒྱ་གར་ལ་ཟིང་འཁྲུག་སློང་སྲོལ་ཡོད་པ་ལྟར་ཉེ་ཆར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་དམར་འཛིང་ཐུག་ནས་བཟུང་། པ་ཀི་སི་ཐན་གྱིས་ཀ་ཤི་མིར་གྱི་ས་མཚམས་ནས་རྒྱ་གར་ཕྱོགས་སུ་འཇིགས་སྐུལ་རིང་ལུགས་པ་གཏོང་རྒྱུ་འགོ་ཚུགས། གཟའ་འཁོར་འདིར་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པས་དུས་ཡུན་ཆུ་ཚོད་༡༥་ཙམ་ལ་འཐབ་རྒོལ་བྱས་ནས་འཇིགས་སྐུལ་རིང་ལུགས་པ་ཡིན་པར་དོགས་གཞི་ཅན་གྱི་མི་གཉིས་བསད། ཁོ་ཚོའི་ཁྱིམ་ནས་མཚོན་ཆ་དང་འབར་རྫས་ཕོན་ཆེན་ཞིག་རྙེད། རྒྱ་གར་གྱི་དམག་དོན་མི་སྣ་ཚོས་སྲིད་བློན་མོ་དྷི་དང་དབུས་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ལ་དོ་སྣང་བྱ་དགོས་པའི་སྐབས་འདིར་རྒྱ་ནག་དང་པ་ཀི་སི་ཐན་མཉམ་འབྲེལ་བྱས་ནས་རྒྱ་གར་ལ་ཕྱོགས་གཉིས་ནས་ཚུར་རྒོལ་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

སྲིད་བློན་མོ་དྷི་ལ་དྭགས་ལ་ཕེབས་པ་དེར་རྒྱ་ནག་གཞུང་གིས་དངོས་སུ་སྐྱོན་བརྗོད་དྲག་པོ་བྱས་མེད་ཀྱང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གིས་རྒྱ་གར་གྱི་འགོ་ཁྲིད་ཚོས་འཁྲུག་རྩོད་ཀྱི་གནས་སྟངས་སྡུག་ཏུ་མི་གཏོང་བའི་རེ་བ་ཡོད། རྒྱ་དཀར་ནག་གཉིས་ཀས་ཛ་དྲག་ཞི་འཇམ་གཏོང་ཐབས་ལ་དམག་དོན་མི་སྣ་དང་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་གྲོས་མོལ་བྱེད་བཞིན་ཡོད་ཅེས་བཤད། འོན་ཀྱང་རྒྱ་ནག་གིས་ཞི་བདེ་དགོས་ན་ས་ཆ་སྤྲོད་དགོས་ཞེས་རྒྱ་གར་ལ་བརྙས་གཙེར་བྱ་རྒྱུ་མཚམས་འཇོག་གི་མེད་པ་དང་རྒྱ་གར་གྱིས་རྒྱ་ནག་གི་བརྙས་བཅོས་འཁུར་རྒྱུ་མིན་པའི་རྣམ་པ་གསལ་སྟོན། ལྷག་པར་དུ་སྲིད་བློན་མོ་དྷི་ལ་དྭགས་ལ་ཕེབས་པ་ནི་རྒྱ་ནག་ལ་གོ་ནོར་ཐེབས་ས་མེད་པའི་བརྡ་ལན་གསལ་པོ་ཞིག་བཏང་བ་མཚོན་ཐུབ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཁྲུག་རྩོད་སློང་བ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་ལ་འཁྲུག་རྩོད་སློང་བ། རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་སྟེ་རྒྱལ་ཁབ་ཀུན་པོ་རྒྱ་ནག་གི་དགྲ་རུ་ལངས་ཡོད་པ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ཨོ་གླིང་རྒྱལ་ཁབ་དང་ཉི་ཧོང་བཅས་ཀྱིས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། རྒྱ་ནག་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་སྟེ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་རྡུང་དྲག་པོ་གཏོང་གི་ཡོད་པའི་དུས་འདིར་རྒྱ་ནག་གིས་རྒྱ་གར་ལ་དམག་རྒྱག་ཐུབ་རྒྱུ་ཡིན་མིན་ལ་ཉམས་ཞིབ་པ་ཚོས་ཚོད་དཔག་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG