ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་དམག་ལག་འཛིང་དང་རྒྱ་གར་གྱི་དམག་མི་༣་ལ་སྲོག་སྐྱོན།


ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་ལ་དྭགས་ཀྱི་ཤར་ཕྱོགས་སུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་དཔོན་ཞིག་དང་དམག་མི་དཀྱུས་མ་གཉིས་བཅས་མི་གསུམ་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་དམག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཕྱོགས་གཉིས་ཀར་འཆི་རྨས་བྱུང་ཡོད་ཅེས་བཀོད་ཀྱང་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཅི་ཙམ་ལ་འཆི་རྨས་བྱུང་ཡོད་མེད་གསལ་པོར་འཁོད་མེད་ཅིང་། རྒྱ་གར་གྱི་དམག་གི་གསལ་བསྒྲགས་དེར་རྒྱ་དཀར་ནག་གི་མཐོ་རིམ་དམག་དོན་མི་སྣ་ཚོ་ཐུག་འཕྲད་བྱས་ནས་ས་མཚམས་སུ་བརྟན་ལྷིང་སྐྲུན་ཐབས་བྱེད་བཞིན་ཡོད། ད་ཐེངས་ཀྱི་ལག་འཛིང་འདི་རྒྱ་དཀར་ནག་གཉིས་ཀས་གྷལ་ཝན་ལུང་གཤོང་དུ་དམག་འཁྲུག་གི་ཉེན་ཁ་ཆུང་དུ་གཏོང་ཐབས་བྱེད་བཞིན་པའི་སྐབས་སུ་བྱུང་སོང་ཞེས་བཀོད། ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༥་དང་༦་གཉིས་ཀར་ལ་དྭགས་ཀྱི་ཤར་ཕྱོགས་སུ་ཆགས་པའི་སྤང་ཀོང་མཚོ་འགྲམ་དུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ཉི་མ་གཉིས་ལ་གདོང་ཐུག་བྱུང་སྟེ་ཕན་ཚུན་ལག་རྡོ་འཕངས་པ་དང་རྒྱུག་པ་ཐོགས་ནས་རྒོལ་འཛིང་བྱས་ཡོད་པ་རེད།།
༡༩༧༥་ལོར་ཨ་རུ་ན་ཅལ་མངའ་སྡེའི་ས་ཐོག་ཏུ་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་ལ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་འཇབ་རྒོལ་བྱས་ནས་བཟུང་། ད་ལྟའི་བར་དུ་རྒྱ་དཀར་ནག་གི་མཐའ་མཚམས་ཁག་ཏུ་རྒོལ་འཛིང་བྱུང་སྟེ་རྒྱ་གར་གྱི་དམག་ལ་སྲོག་སྐྱོན་བྱུང་བ་ཐེངས་དང་པོ་ཞིག་ཡིན་ཞིང་། ཁ་སང་གཟའ་ཟླ་བའི་དགོང་མོར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་གིས་ཕན་ཚུན་ལག་རྡོ་འཕངས་པ་དང་ལྕགས་རྒྱུག་གཞུས་ནས་མི་ལ་འཆི་རྨས་བྱུང་འདུག ལོ་འདིའི་ཕྱི་ཟླ་༥་པའི་མགོ་སྟོད་ནས་འབྲས་ལྗོངས་ཕྱོགས་དང་ལ་དྭགས་ཕྱོགས་སུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་དང་ཁ་འཛིང་། ཕན་ཚུན་ལག་རྡོ་འཕངས་ནས་རྒོལ་འཛིང་ཐེངས་འགའ་ཞིག་བྱུང་སྟེ་རྒྱ་དཀར་ནག་གཉིས་ཀས་སླར་ཡང་མཐའ་མཚམས་ཁག་ལ་དམག་གསོག་རྒྱག་རྒྱུའི་ཉེན་ཁ་ཞིག་བྱུང་ཡོད་པར་མ་ཟད། ད་ལྟ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་དང་ར་ཇ་ན་ཐ་སིང་དང་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་པ་དམག་སྤྱི་བྷི་པིན་ར་ཝ་ཐེ། རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་རྣམ་གསུམ། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བཅས་ཚོགས་འདུ་ཚོགས་ནས་མཐའ་མཚམས་ཀྱི་ཛ་དྲག་ལ་བསྐྱར་ཞིབ་བྱས་འདུག རྒྱ་གར་གྱི་སྐམ་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་དེ་རིང་གཟའ་མིག་དམར་ཉིན་དྷ་རམ་ས་ལའི་ཉེ་ཁྲིས་སུ་ཆགས་པའི་པ་ཐན་ཀོ་ཊི་ས་གནས་སུ་བསྐྱོད་འཆར་ཡོད་པའང་ཕྱིར་འཐེན་བྱས་འདུག
དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལ་འཆི་རྨས་བྱུང་ཡོད་མེད་ཤེས་རྟོགས་བྱུང་མ་སོང་། རྒྱ་དཀར་ནག་གི་དམག་དོན་མི་སྣ་ཁག་དང་ཕྱི་འབྲེལ་མི་སྣ་ཚོས་ཕན་ཚུན་འབྲེལ་མོལ་བྱེད་བཞིན་ཡོད། གཟའ་ཟླ་བའི་དགོང་མོར་བྱུང་བའི་དོན་རྐྱེན་དེའི་ལན་ཁག་རྒྱ་གར་ལ་ཡོད། རྒྱ་གར་གྱི་མཐའ་མཚམས་སྲུང་དམག་གིས་སྔོན་ལ་འཁྲུག་རྩོད་བསླངས་པ་རེད། ང་ཚོའི་མཐའ་མཚམས་ཀྱི་མཐོ་རིམ་དམག་དོན་མི་སྣ་ཚོས་རྒྱ་གར་གྱི་འབྲེལ་ཡོད་དམག་དོན་མི་སྣ་ཚོར་ཐུག་འཕྲད་བྱས་ནས་ས་མཚམས་ཀྱི་ཛ་དྲག་ཆུང་དུ་གཏོང་རྒྱུའི་གྲོས་མཐུན་གལ་ཆེན་ཞིག་བཞག་ཡོད། འོན་ཀྱང་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་རྒྱ་གར་གྱི་དམག་གིས་ཐེངས་གཉིས་ལ་ས་མཚམས་བརྒལ་ནས་ཁྲིམས་འགལ་བྱས་པ་དང་གྲོས་མཐུན་དེར་གཏོར་བརླག་ཚབས་ཆེན་བྱས་སོང་། ལྷག་པར་དུ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལ་འཁྲུག་རྩོད་བསླངས་ནས་ཕྱོགས་གཉིས་ཀྱི་དམག་རྣམས་ལག་འཛིང་དྲག་པོ་ཐུག་པ་རེད་ཅེས་བཤད། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཞཱིས་ཅིན་གྱིས་ཊོས་ཊར་དྲྭ་ལམ་དུ་རྒྱ་གར་གྱིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རང་ཚོད་འཛིན་གྱི་ཡོད་པ་དེ་རྒྱ་ནག་གི་ཞན་ཆ་ཞིག་ལ་ངོས་འཛིན་མ་བྱས་ན་ལེགས་ཞེས་འཕྲིན་ཐུང་ཞིག་སྤེལ་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལའང་འཆི་རྨས་བྱུང་ཡོད་པའི་རྟགས་མཚན་ཞིག་མངོན།།
བདུན་ཕྲག་སྔོན་མ་ནས་རྒྱ་དཀར་ནག་གི་མཐོ་རིམ་དམག་དོན་མི་སྣ་ཁག་དང་ཕྱི་འབྲེལ་མི་སྣ་ཚོས་འབྲེལ་མོལ་བྱས་ནས་ཕྱོགས་གཉིས་ཀས་དངོས་སུ་དབང་སྒྱུར་བྱེད་ཡོད་པའི་མཐའ་མཚམས་ཁག་ལ་ཞི་བདེ་སྐྲུན་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་གཟའ་ཟླ་བའི་དགོང་མར་ལ་དྭགས་ཤར་ཕྱོགས་སུ་སླར་ཡང་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་རྒོལ་འཛིང་ཐུག་ཡོད་ཅིང་། འདི་ནི་ཕྱོགས་གཉིས་ཀྱི་ཞི་དྲག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་འབྲེལ་མོལ་བྱས་ཀྱང་དོན་དངོས་སུ་མཐའ་མཚམས་ཀྱི་དམག་ས་ཁག་ཏུ་ཛ་དྲག་ཞི་འཇམ་དང་ཞི་བདེ་ཞིག་སྐྲུན་ཐུབ་ཀྱི་མེད་པ་ར་འཕྲོད་པ་རེད་ཅེས་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག རྒྱ་གར་གྱི་བྱང་ཕྱོགས་དམག་དཔུང་བཀོད་འདོམས་པ་ཟུར་པ་དམག་སྤྱི་ཧུ་དྷས་རྒྱ་དཀར་ནག་གི་མཐའ་མཚམས་ཁག་ཏུ་དམག་འཁྲུག་གི་ཉེན་ཁ་ཆེ་རུ་འགྲོ་བཞིན་འདུག རྒྱ་གར་གཞུང་གིས་ཕྱི་འབྲེལ་ཐབས་ཇུས་བརྒྱུད་ནས་ཛ་དྲག་ཆུང་དུ་གཏོང་དགོས་ཞེས་བཤད། ལྡི་ལི་གསར་པའི་ཇཱ་ཝ་ལལ་ནེ་རུ་སློབ་གྲྭ་ཆེན་མོའི་ཟུང་འབྲེལ་སློབ་དཔོན་ཇཱེ་ཁོབ་ཀྱིས་བཤད་པ་ལྟར་ན། འདས་པའི་ལོ་༤༥་རིང་ལ་རྒྱ་དཀར་ནག་གི་ས་མཚམས་སུ་རྒྱ་གར་གྱི་དམག་ལ་འཆི་སྐྱོན་བྱུང་མྱོང་མེད། ལོ་༤༥་ཙམ་གྱི་རིང་ལ་རྒྱ་དཀར་ནག་གི་མཐའ་མཚམས་ཁག་ཏུ་འཁྲུག་རྩོད་མེད་པར་ཞི་བདེ་བརྟན་ལྷིང་ཞིག་བྱུང་བ་རེད། ཡིན་ནའང་ད་ལྟ་ཞི་བདེ་བརྟན་ལྷིང་དེ་མེད་པར་འགྱུར་རྒྱུ་འགོ་ཚུགས་པ་ཞིག་ཡིན་སྲིད་ཅེས་ཉེན་བརྡ་བཏང་འདུག
རྒྱ་གར་གྱི་དམག་སྤྱི་ཟུར་པ་ཝྭིཀ་རམ་སིང་གིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་རྩོམ་ཡིག་ཅིག་བྲིས་པ་དེར་འཁོད་པ་ལྟར་ན། དེང་སྐབས་རྒྱ་དཀར་ནག་གཉིས་ཀྱིས་དངོས་སུ་དབང་སྒྱུར་བྱེད་ཡོད་པའི་ས་མཚམས་ཁག་ལ་དབྱེ་བ་གསལ་པོ་ཞིག་གཏན་ནས་མི་འདུག ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་དམག་གིས་རང་ཚོད་བཟུང་ནས་འཁྲུག་རྩོད་མི་འབྱུང་བའི་འབད་བརྩོན་ཆེན་པོ་བྱས་ཀྱང་ས་མཚམས་ཀྱི་དབྱེ་བ་གསལ་པོ་ཞིག་མེད་པས་རྟག་ཏུ་གདོང་ཐུག་འབྱུང་གི་འདུག ས་གནས་ས་ཐོག་ཏུ་གདོང་ཐུག་མང་པོ་ཞིག་འགོག་ཐུབ་ཀྱང་ཕྱོགས་གཉིས་ཀས་ས་མཚམས་ཀྱི་དབྱེ་བ་གསལ་པོ་ཞིག་འབྱེད་དགོས། ད་དུང་མཐའ་མཚམས་སྲུང་སྐྱོབ་ལ་རྒྱ་ལམ་དང་དམག་སྒར་འཛུགས་སྐྲུན། རྒྱ་གར་གྱིས་ཕྱི་འབྲེལ་དང་དམག་དོན་མཉམ་འབྲེལ་གྱི་ལས་དོན་ཞིག་བསྒྲུབ་དགོས་ཀྱི་འདུག་ཅེས་བཀོད། ད་སྔ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཀྱིས་རྒྱ་དཀར་ནག་གི་ས་མཚམས་ཀྱི་འཁྲུག་རྩོད་འདིར་ཅི་ཡང་གླེང་མེད། སྲིད་དོན་ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་དང་མོ་དྷི་གཉིས་ཀར་རང་གི་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོད་པ་དང་ཕྱོགས་གཉིས་ཀས་མི་རིགས་རིང་ལུགས་ཀྱི་ང་རྒྱལ་སློང་བ། ཞིས་ཅིན་ཕིང་དང་མོ་དྷི་གཉིས་ཀས་རང་གི་རྒྱལ་ཁབ་དེ་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ལ་བསྒྱུར་རྒྱུ་ཡིན་ཞེས་སྒྲོགས་ཀྱི་ཡོད་པས་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཟུང་ལ་གུ་བཤངས་བྱ་ས་མེད་པ་ཞིག་ཏུ་གྱུར་འདུག ཉེ་དུས་ཤིག་ནས་པེ་ཅིང་དང་ལྡི་ལི་གསར་པས་ས་མཚམས་ཀྱི་འཁྲུང་ཟིང་ཞོད་འཇགས་གཏོང་འདོད་ཡོད་ཟེར་ཀྱང་ཕྱོགས་གཉིས་ཀས་ས་མཚམས་སུ་དམག་དཔུང་འདྲེན་གཏོང་དང་དམག་འཁྲུག་གི་གྲ་སྒྲིག ཁོ་ཚོས་རང་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་ཐུག་ན་ནམ་ཡང་གཉོམ་འཁུར་རྒྱུ་མིན། སུ་ཞིག་གིས་བཙན་འཛུལ་བྱེད་ན་དེ་ལ་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན་ཞེས་ངར་སྐད་སྒྲོགས་ཀྱི་ཡོད་པ་རེད།།

XS
SM
MD
LG