ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༢/༡༦

བོད་ཀྱི་གསོ་བ་རིག་པ་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་བཅོས་ཐབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྐུའི་བླ་སྨན་ཞབས་ཞུ་བ་སྨན་པ་ཚེ་དབང་རྟ་མགྲིན་ལགས་

ཏོག་དབྱིབས་ནད་དུག་ནི་ད་ལྟའི་འཆར་འཛམ་གླིང་ཡོངས་ལ་གདོང་ལེན་བྱེད་དགོས་པའི་ཛ་དྲག་ཆེ་ཤོས་ཀྱི་གནད་དོན་དེར་གྱུར་བ་མ་ཟད། ནད་དུག་དེ་སྔོན་འགོག་དང་བཅོས་ཐབས་ལ་ཚང་མས་དོ་སྣང་དང་སེམས་འཁུར་ཆེན་པོས་ཐབས་སྣ་ཚོགས་བསྟེན་བཞིན་པ་རེད། བོད་ཀྱི་གསོ་བ་རིག་པའི་ནང་ནད་དུག་རིགས་སྔོན་འགོག་དང་བཅོས་ཐབས་ལ་སྨན་གཞུང་ནས་ཐབས་ལམ་མང་པོ་གསུངས་ཡོད་ཅིང་། བོད་ཀྱི་གསོ་བ་རིག་པའི་སྨན་པ་ཚོས་ལམ་སྟོན་ཡང་གནང་གི་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་བཅར་སྨན་པ་དང་བོད་གཞུང་སྨན་རྩིས་ཁང་གི་སྤྱི་ཁྱབ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་བོད་ཀྱི་གསོ་བ་རིག་པ་ནས་ཐབས་ལམ་དང་དུག་རྫས་སོགས་ཡོད་སྐོར་གསུངས་པ་དང་། གལ་ཆེ་ཤོས་དེ་ནི་འཕྲོད་བསྟེན་མཁས་པ་དང་སྨན་པ་ཚོས་ལམ་སྟོན་གནང་བ་བཞིན་སྤྱི་ཚོགས་རྒྱང་བཀྱེད་བྱེད་དགོས་པ་དེ་ཚང་མས་ཚུལ་བཞིན་ཉམས་ལེན་བྱེད་དགོས་པ་དེ་ཡིན་ཞེས་གསུངས་འདུག

དེ་ཡང་ཨ་རི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་གྱིས་བཅར་འདྲི་ཞུས་པའི་ནང་སྐུའི་བླ་སྨན་ཞབས་ཞུ་བ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུངས་དོན་ལ། འགོས་ནད་ཇི་འདྲ་ཞིག་ཡིན་རུང་གཞན་དང་རྒྱང་ཐག་རིང་ཙམ་གནས་དགོས་པ་དེ་རྒྱུན་ལྡན་གྱི་སྤྱོད་པ་གཅིག་ཡིན་པ་དང་། དེ་ཡང་སོ་སོའི་ནང་མི་གཅིག་ཡིན་ནའང་འབྲེལ་ཐག་རིང་ཙམ་གནས་དགོས་པ་དེ་འགོས་ནད་རིགས་ཚང་མར་གཅིག་མཚུངས་ཡིན་པ་དང་། ཆོས་ཕྱོགས་ནས་བསམ་བློ་བཏང་ན་རང་ལས་གཞན་གཅེས་ཞེས་པའི་ཉམས་ལེན་དང་། ཆུང་ས་ནས་བསམ་བློ་བཏང་ན་སོ་སོའི་ནང་མི་ཁྱིམ་ཚང། སོ་སོའི་སྤྱི་ཚོགས་བཅས་ལ་ནད་དེ་མ་འགོས་པའི་ཆེད་གཞན་དང་མ་འདྲེས་པར་ཟུར་དུ་སྡོད་དགོས་པ་གལ་ཆེན་པོ་རེད། འཕྲོད་བསྟེན་མི་སྣ་དང་སྨན་པ་སོགས་ཀྱིས་རེག་ཐུག་མེད་པར་གནས་དགོས་པའི་ལམ་སྟོན་གནང་བ་བཞིན་ཚང་མས་ལག་བསྟར་བྱེད་ཐུབ་ན་ནད་དེ་མ་འགོས་པའི་དགེ་མཚན་ཆེན་པོ་ཡོད་པས་ཚང་མས་དོ་ནན་གྱི་ལག་ལེན་འགེལ་དགོས་པ་ཡིན་ཞེས་གསུངས་འདུག

འཛམ་གླིང་གི་འཕྲོད་བསྟེན་མཁས་པ་དང་འགོས་ནད་ལ་མཁས་པའི་སྨན་པ་སོགས་ཀྱིས་ཏོག་དབྱིབས་ནད་དུག་གིས་མི་ལོ་ན་རྒན་པ་དང་གནའ་ནད་ཅན་ཚོར་ཉེན་ཁ་ཆེ་བ་ཡོད་སྐོར་འགྲེལ་བཤད་གནང་གི་ཡོད་པ་དང་། དེའི་སྐོར་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུངས་དོན་ལ། ནད་པ་རྙིང་པའམ་གནའ་ནད་ཅན་ཚོས་སྔོན་གྱི་ནད་གཞིའི་སྟེང་ཏོག་དབྱིབས་ནད་གཞི་འགོས་པའི་རིགས་ཀྱིས་ཁ་ཚ་དགོས་གཏུགས་ཀྱི་སྨན་བཅོས་དེ་ཏོག་དབྱིབས་ཀྱི་ནད་དེ་བཅོས་ཐབས་བྱེད་དགོས་པ་གལ་ཆེ་བ་དང་། ནད་རྟགས་ར་འཕྲོད་བྱུང་བ་རྣམས་ཀྱིས་ཛ་དྲག་གི་སྨན་བཅོས་གང་བྱེད་དགོས་ཀྱི་ཡོད་པ་གང་མྱུར་བྱེད་དགོས་པ་ཡིན། འཆི་རྐྱེན་གང་ཡིན་བརྗོད་དཀའ་ནའང་། གནའ་ནད་ཡོད་མཁན་དང་ཕྲུ་གུ་བྱིས་པ་སོགས་ལ་ཏོག་དབྱིབས་ནད་དུག་གི་ཉེན་འཚབ་ཆེ་བ་ཡོད་པ་ནི་ནད་རིམས་དེ་ལ་སྔོན་འགོག་དང་བཅོས་ཐབས་ཀྱི་སྨན་མེད་པ་དེས་རེད་ཅེས་གསུངས་འདུག

བཅོས་ཐབས་དང་སྔོན་འགོག་གཉིས་ནས་སྔོན་འགོག་གི་ཐབས་ལམ་དེ་གལ་ཆེ་ཤོས་ཡིན་པ་དང་། འཕྲོད་བསྟེན་མཁས་པ་ཚོས་སྤྱི་ཚོགས་རྒྱང་བཀྱེད་བྱེད་དགོས་པའི་ལམ་སྟོན་གནང་བ་དང་། དེ་བཞིན་བོད་སྨན་ནས་རིན་ཆེན་རིལ་བུ་སོགས་སྔོན་འགོག་གི་ཐབས་ཤེས་གང་ཡོད་པ་རྣམས་ཉམས་ལེན་བྱེད་ཐུབ་ན་རང་ལ་ནད་དེ་མ་འགོས་པ་མ་ཟད། གཞན་ལ་མ་ཁྱབ་པའི་ཕན་ཐོགས་བྱེད་ཐུབ་ཅེས་གསུངས་འདུག སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ཆམ་རིམས་སོགས་ལ་ཕན་རྒྱུར་འཕྲུལ་ཐང་འཐུང་རྒྱུ་སོགས་ཐབས་ཤེས་ཡོད་པ་རྣམས་ཏོག་དབྱིབས་ནད་དུག་སྔོན་འགོག་ལའང་ཕན་གྱི་རེད་ཅེས་གསུངས་འདུག

བོད་ཀྱི་སྨན་གཞུང་ནང་གཉན་རིམས་ཞེས་ཚིག་དེ་ཡོད་བཞིན་པ་དང་། དེ་ཡང་གཉན་དང་རིམས་ཞེས་ཡོད་པ་དང་། དེའི་སྟེང་ཡམས་ནད་ཅེས་གསུམ་གསུངས་ཡོད། གཉན་རིམས་ཞེས་མཉམ་དུ་འགྲོ་དུས་གཉན་ཞེས་པ་ཁ་ནག་པོ་དང་ཛ་དྲག་པོ། རིམས་ཞེས་པ་དེ་གཅིག་གིས་གཅིག་ལ་རིམ་པ་བཞིན་བགོས་ནས་འཕེལ་གྱི་ཡོད་པ་ལ་བརྗོད་ཀྱི་ཡོད། ཡམས་ཞེས་པ་འགྱར་ཞེས་བརྗོད་ཀྱི་ཡོད་ཅིང་། དེ་ཡང་སྨན་བཅོས་ཡག་པོ་མ་བྱུང་ཚེ་ཐོར་སོང་བ་དང་འགྱར་སོང་བ་ལ་གོ་ཐུབ་ཅེས་གསུངས་འདུག་པ་དང་། ཁོང་གིས་མུ་མཐུད་གསུངས་དོན་ལ། བོད་ཀྱི་གསོ་བ་རིག་པའི་ནང་དེ་དག་ཚང་མ་ནད་འབུ་གཅིག་ལས་ཡོང་གི་ཡོད་པ་དང་། ནད་འབུ་དེ་ཡོང་སྟངས་དང་འགོས་སྟངས་སོགས་སྨན་གཞུང་ནང་མང་པོ་གསུངས་ཡོད་པ་མ་ཟད། དེ་དག་འགོག་ཐབས་དང་བཅོས་ཐབས་སོགས་ཀྱང་ཞིབ་ཏུ་གསུངས་ཡོད་ཅེས་འགྲེལ་བརྗོད་གནང་འདུག

སྐུའི་བླ་སྨན་ཞབས་ཞུ་བ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ཀུན་གླེང་བརྙན་འཕྲིན་ལ་གསུངས་དོན་ལ། ད་ཡོད་ཏོག་དབྱིབས་ནད་དུག་དེ་བཅོས་ཐབས་ལ་བོད་སྨན་ནས་གསུངས་པར་གཞིགས་ན། རྫས་དང་སྔགས་ལ་བརྟེན་ནས་སྲུང་བ་བྱེད་ཚུལ་གསུངས་ཡོད་པའི་ནང་ནས་སྔགས་ལ་བརྟེན་ནས་སྲུང་བ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། འབུ་སྲིན་ལས་བྱུང་བའི་ནད་དེ་རིགས་མི་ནང་བཞིན་སྲོག་ཡོད་པ་གང་ཞིག་ལ་མི་ལྟ་བུའི་ནུས་པ་ཆ་ཚང་བ་མེད་ནའང་། དེ་དག་ལས་ངན་པ་ལས་བྱུང་བའི་སྲིན་འབུ་ཡིན་པར་བརྟེན་དེ་དག་ལ་སྔགས་དང་གཏེར་ནས་བཏོན་པའི་སྨན་གྱིས་འགོག་ཐུབ་ཀྱི་ཡོད། དེ་དག་ལ་སྔགས་ཀྱིས་སྲུང་ཐུབ་པ་དང་། གཉིས་པ་འཁོར་ལོ་སོགས་རྫས་ཀྱིས་སྲུང་ཐུབ་པ་གསུངས་ཡོད། དེ་དག་གི་སྟེང་སྤྱོད་ལམ་གྱིས་སྲུང་ཐུབ་པ་གསུངས་ཡོད། དེ་བཞིན་དེ་དག་འགོས་ནས་འཕེལ་བའི་ནད་དུག་ཡིན་པར་བརྟེན་རེག་པ་ཞེས་དེང་སྐབས་འགྲེལ་བཤད་བྱེད་ཀྱི་ཡོད་པ་བཞིན་ཅ་དངོས་དང་མི་དང་འབྲེལ་ཐུག་བྱས་ནས་འགོས་ཀྱི་ཡོད་པ་དེ་དག་བོད་ཀྱི་སྨན་གཞུང་ནང་གསལ་པོ་གསུངས་ཡོད་ཅེས་འགྲེལ་བརྗོད་གནང་འདུག ཁོང་གིས་མུ་མཐུད་གསུངས་དོན་ལ། ནད་རིགས་དེ་དག་འགོག་ཐབས་ལ་བོད་སྨན་ནས་སྨན་དང་རྫས་གཉིས་ཀྱིས་བཅོས་པ་དང་འགོག་སྲུང་བྱེད་ཚུལ་གསུངས་ཡོད་པ་བཞིན་བོད་གཞུང་སྨན་རྩིས་ཁང་གིས་རིམས་སྲུང་རིལ་བུ་ཞེས་པ་དང་། དེ་དང་མཉམ་དུ་སྲུང་འཁོར་གཅིག་ཆེད་དུ་བཟོ་བསྐྲུན་གནང་ཡོད་ཅེས་གསུངས་འདུག

སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་བོད་སྨན་དང་ཕྱི་ལུགས་སྨན་གྱི་འགྲོ་སྟངས་དང་ཕན་ནུས་ཀྱི་ཁྱད་པ་ཕྱེ་སྟེ་འགྲེལ་བརྗོད་གནང་དོན་ལ། རིམས་ནད་འགོག་ཐབས་ལ་བོད་སྨན་གྱིས་བཟོ་བསྐྲུན་བྱས་པ་དེ་དག་ལ་ཚན་རིག་གི་གཞུང་ལུགས་མེད་པ་མིན་ཅིང་། དེ་ཡང་རང་བྱུང་གི་དངོས་པོ་རིན་པོ་ཆེ་སོགས་ནུས་པ་ཁྱད་འཕགས་ཅན་ལས་བཟོས་པ་ཞིག་ཡོད་པ་དེ་ཚན་རིག་གིས་སྒྲུབ་ཐུབ་ཀྱི་རེད་ཅེས་གསུངས་འདུག

སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུངས་དོན་ལ། དེང་སྐབས་ཏོག་དབྱིབས་ནད་འབུ་སྔོན་འགོག་གི་སྨན་ཆུ་སོགས་བཤོས་ནས་གཙང་བཟོ་བྱེད་ཀྱི་ཡོད་པ་བཞིན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་དུག་རྫས་ཀྱིས་ནད་རིགས་དེ་དག་འགོག་ཐབས་གསུངས་ཡོད། དཔེར་ན་བསང་གི་རྒྱུ་ཆའི་ནང་སྔོའི་རྒྱུ་ཆ་ནུས་པ་དམིགས་བསལ་ཅན་མང་པོ་ཡོད་པ་དང་། སྔོ་སོ་སོར་ནང་ཕན་པ་དང་བསྲི་ལ་ཕན་པ་སོགས་རིགས་མང་པོ་ཡོད་པ་མ་ཟད། ཚ་གྲང་སྙོམ་པ་བཟོ་རྒྱུ་སོགས་རིགས་མང་པོ་ཡོད་པར་བརྟེན་སྔར་རིམས་དུག་ཅེས་དུག་རྫས་རིགས་མང་པོ་བཟོས་ཡོད། དེ་བཞིན་འབྱུག་པ་ཡང་ཡོད་པས་སྨན་གཞུང་ནང་དེ་དག་ལ་དུག་སེལ་ཞེས་གསུངས་ཡོད་པ་དེ་རྣམས་དེང་སྐབས་ཕྱི་ལུགས་ཀྱིས་ལག་པ་གཙང་སེལ་གྱི་སྦྱོར་བ་སོགས་དང་གཅིག་མཚུངས་རེད་ཅེས་གསུངས་འདུག

སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་རིམས་སྲུང་རིལ་བུའི་ནུས་པའི་སྐོར་གསུངས་དོན་ལ་ ནད་འབུ་དེ་ལུས་པོའི་ནང་འགྲོ་ཡུལ་རྣ་དང་ཁ་སོགས་ཡིན་པར་བརྟེན་རིམས་སྲུང་རིལ་བུའི་དྲི་དེ་རྣ་བ་བརྒྱུད་དེ་སྙིང་སོགས་རྩ་ལམ་ལ་སོགས་གཙང་སེལ་བྱས་ཏེ་དུག་གི་རྫས་ཀྱིས་གནོད་པ་མི་བྱེད་པར་སྲུང་སྐྱོབ་ལ་ཕན་ནུས་བྱེད་ཀྱི་ཡོད་པ་དང་། དེ་བཞིན་སྨན་བསང་དང་དུག་རྫས་ལ་སོགས་པར་གཉན་དང་སྲིན་འགོག་ནུས་པའི་སྨན་གྱི་རྒྱུ་ཆ་ཡོད་པར་བརྟེན་ནད་འབུ་འགོག་ཐབས་ལ་ཕན་ཐོགས་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

བླ་སྨན་ཞབས་ཞུ་སྨན་པ་རྟ་མགྲིན་ལགས་ཀྱིས་གསུངས་དོན་ལ། སྨན་དང་དུག་རྫས་སོགས་སྤྱོད་སྟངས་ཚད་དང་ལྡན་པ་དང་། ཚ་གྲང་སོགས་ལ་བསྟུན་དགོས་པ་གལ་ཆེ་བ་དང་། མང་དྲག་པ་སོགས་བྱུང་ན་ཁ་ཟས་མང་ན་ཕོ་གྲོད་ན་བ་སོགས་བྱུང་བ་དང་གཅིག་མཚུངས་རེད་ཅེས་གསུངས་འདུག སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུངས་དོན་ལ་ཆམ་པའི་ནད་ཀྱི་རིགས་མང་པོ་ཡོད་པ་དང་། དེ་ཡང་རིམས་ཆམ་ཞེས་རིམས་ཀྱི་ཆམ་པ་དེ་འགོས་ནད་གཅིག་ཡིན། དཔེར་ན་རྡོར་གདན་སོགས་སུ་མི་ཚོགས་ཆེན་པོ་འདུ་འཛོམས་ཡོད་སར་རིམས་ཆམ་ཡོང་གི་ཡོད་པ་དེ་དག་སྨན་གཏོང་རྒྱུ་ཡོད་ནའང་། དེ་དག་ལོ་ན་དང་རླུང་མཐོ་ཚད་ཀྱི་ཁམས་ཀྱི་གནས་སྟངས་སོགས་ལ་གཞིགས་ནས་སྨན་གཏོང་དགོས་ཀྱི་ཡོད། གལ་ཆེ་ཤོས་ཆམ་པའི་ངོ་བོ་གང་ཡིན་པ་དེ་ལ་གཞིགས་ཏེ་སྨན་གཏོང་དགོས་པ་ཡིན། ད་ཡོད་རིམས་ནང་འདི་ལ་གཉན་དང་རིམས་ཀྱི་སྨན་མང་པོ་ཡོད་པ་དེ་དག་གཏོང་ཐུབ་ན་སྔོན་འགོག་ལ་ཕན་ཐོགས་བྱེད་ཐུབ་ཀྱི་རེད་ཅེས་གསུངས་འདུག

འདས་པའི་དུས་ལ་ནད་དུག་གི་རིམས་ནད་རིགས་འགའ་ཞིག་བྱུང་བའི་སྐབས་སུ་བོད་མི་ཚོས་རིན་ཆེན་རིལ་བུ་བཟོས་པ་དང་། འཕྲུས་ཐུང་བ་སོགས་བྱས་ནས་ནད་ཡམས་དེ་མ་བྱུང་ཞེས་གསུངས་མཁན་ཤིན་ཏུ་མང་པོ་ཡོད་པས་བོད་སྨན་གྱིས་རིམས་ནད་དེ་དག་ལ་ཕན་ནུས་ཡོང་གི་ཡོད་པ་མངོན་སུམ་དུ་ཡོད་པས་ད་ལམ་གྱི་ནད་ཡམས་འདི་ལའང་རིན་ཆེན་མང་སྦྱོར་ཆེན་མོ་དང་། འཕྲུལ་ཐང་སོགས་བེད་སྤྱོད་བྱེད་ཐུབ་པ་ཡིན་ན་སྔོན་འགོག་ལ་ཕན་ཐོགས་ངེས་པར་བྱེད་ཐུབ་ཀྱི་རེད་ཅེས་གསུངས་འདུག

XS
SM
MD
LG