ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ཚོགས་གཙོ་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་རྒྱ་ནག་དང་བོད་ས་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཕྱིན་ཡོད་པ་དང་བོད་པའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཡང་སླེབས་ལ་ཉེ་བའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་བོད་ས་ཁག་གི་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲྭ་ལམ་ལ་དམ་དྲག་དང་སྐད་འཕྲིན་ཚོགས་པ་ཁག་ལ་ཞིབ་བཤེར་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་ཕྱི་ཟླ་༣ ཚེས་༣ ཉིན་མཚོ་སྔོན་མང་རྫོང་སོགས་མཚོ་སྔོན་ཁུལ་གྱི་སྡེ་པ་༡༦་དང་དགོན་སྡེ་༥་ལ་གཞུང་གི་ལས་སྣེ་རྣམས་བསྐྱོད་དེ་མི་རེ་རེ་བཞིན་མི་མང་གི་སྐད་འཕྲིན་ལ་ཞིབ་བཤེར་གྱིས་དོགས་གཞི་ཅན་གྱི་སྐད་འཕྲིན་ཚོགས་པ་༢༩་ཐོ་འགོད་བྱས་པ་དང་སྐད་འཕྲིན་ཚོགས་པ་༧༥་དངོས་སུ་སྒོ་བརྒྱབ་པའི་གནས་ཚུལ་ཐོན་འདུག

ད་དུང་སྐད་འཕྲིན་ཚོགས་པ་༢༢༣་ལྷག་ལྟ་རྟོག་འོག་ཏུ་བཞག་ཀྱང་སྐད་འཕྲིན་ཚོགས་པ་ཁག་གི་ཚོགས་གཙོ་ཚོས་དཀྲོག་གཏམ་མི་སྒྲོགས་པ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་སོགས་ཀྱི་ཁས་ལེན་ཡི་གེ་བྲིས་ནས་མི་༢༢༣་གྱིས་ཡིག་ཆ་དེར་མིང་རྟགས་བཀོད་འདུག་ཅེས་མིང་འདོན་བྱེད་འདོད་མེད་པའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱས་འདུག

རྒྱ་གཞུང་གི་ལས་སྣེ་ཚོས་སྐད་འཕྲིན་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་བསྐོངས་ནས་མ་འོངས་པར་སྐད་འཕྲིན་ཚོགས་པ་སྒོ་རྒྱག་དགོས་པ་དང་སྐད་འཕྲིན་ནང་དུ་གནས་ཚུལ་རྫུན་མ་སོགས་སྤེལ་རྒྱུ་མིན་པའི་ཁས་ལེན་ཡིག་ཆར་མིང་རྟགས་འགོད་དུ་བཅུག་ཡོད་པར་མ་ཟད། ཕྱི་ཟླ་༢་ཚེས་༢༢་ཉིན་མཚོ་སྔོན་མང་རྫོང་ཉེན་རྟོག་པ་ཚོས་སྐད་འཕྲིན་ཚོགས་པའི་ནང་དུ་མི་མང་གིས་གནས་ཚུལ་རྫུན་མ་དང་དཀྲོག་གཏམ་སྤེལ་གྱི་ཡོད་པའི་ཉེས་འཛུགས་བྱས་ནས་སྐད་འཕྲིན་ཚོགས་པ་གསུམ་གྱི་ཚོགས་གཙོ་གསུམ་འཛིན་བཟུང་བྱས་ནས་ཉེས་ཆད་བཅད་ཀྱང་བོད་པ་དེ་དག་གིས་བཙུགས་པའི་སྐད་འཕྲིན་ཚོགས་པའི་ནང་དུ་གནས་ཚུལ་རྫུན་མ་དང་དཀྲོག་གཏམ་ཅི་ཞིག་སྒྲོགས་ཡོད་མེད་ནི་གསལ་བཤད་གང་ཡང་བྱས་མེད་པ་རེད།

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ནང་དུ་མང་རྫོང་སུམ་མདོ་གྲོང་རྡལ་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བར་གྲོང་རྡལ་ཡོངས་ཀྱི་འགན་གཙང་ལེན་རུ་ཁག་གི་འགོ་ཁྲིད་དང་མངགས་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ། སྡེ་པའི་ཉེན་རྟོག་པ་དང་དྲྭ་མིག་རྟོག་ཞིབ་པ་སོགས་མཉམ་འབྲེལ་གྱིས་སྡེ་པ་ཁག་གི་མང་ཚོགས་ཀྱི་ལག་ཐོགས་ཁ་པར་ནང་གི་སྐད་འཕྲིན་ཚོགས་པ་དེ་ཚོར་ཞིབ་བཤེར་བྱ་རྒྱུ། ཆ་འཕྲིན་བདེ་འཇགས་ཀྱིས་མི་མངོན་པའི་རྐྱེན་ངན་རྣམས་བཅོས་སྒྲིག་ནན་མོ་བྱས་ཡོད་ཅེས་བཀོད།

སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་བོད་པའི་གསུམ་བཅུའི་དུས་དྲན་དང་བུད་མེད་སྒེར་ལངས་ཉིན་མོ། ༧གོང་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སོགས་བོད་ལ་འབྲེལ་བ་ཡོད་པའི་དམིགས་བསལ་ཉིན་མོ་ཁག་ལ་གོང་རིམ་གྱི་བཀའ་ལྟར་སྤྱི་ཚོགས་དྲྭ་ལམ་ཁག་ལ་དམ་དྲག་དང་བོད་པའི་འགྲོ་སྡོད་གང་ཐད་དུ་སྔར་ལས་ལྷག་པའི་དམ་དྲག་ཆེན་པོ་བྱེ་བཞིན་ཡོད་པ་རེད།

XS
SM
MD
LG