ཨ་རིར་གནས་འཁོད་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གི་ལས་བྱེད་པའི་གྲངས་ཀར་ཨ་རིའི་གཞུང་གིས་ཚོད་འཛིན་བྱ་རྒྱུ་ཡིན་ཞེས་ཁ་སང་སྤྱི་ཟླ་༣་པའི་ཚེས་༢་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་གསལ་བསྒྲགས་སྤེལ་འདུག ཨ་མི་རི་ཀས་འདི་ལྟར་གསལ་བསྒྲགས་སྤེལ་དགོས་པའི་རྒྱུ་མཚན་ནི་རྒྱ་གཞུང་གིས་པེ་ཅིང་སོགས་སུ་བཅའ་སྡོད་ཨ་རི་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གོ་སྐབས་འདྲ་མཉམ་ཞིག་སྤྲོད་ཀྱི་མེད་པ་འདྲ་མཉམ་ཡོང་བའི་ཆེད་དུ་ཡིན་ཞེས་བཀྲལ།
ཉེ་ཆར་ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་ལ་རྒྱ་ནག་ནི་ཨེ་ཤེ་ཡའི་གཅོང་ནད་ཅན་དེ་རེད་ཅེས་ཁ་བྱང་བཀོད་ནས་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་སྐོར་ལ་རྩོམ་ཡིག་ཅིག་སྤེལ། དེར་བརྟེན་རྒྱ་ནག་གཞུང་གིས་པེ་ཅིང་དུ་བཅའ་སྡོད་ཝོལ་སི་ཊི་རི་ཊི་ཚགས་པར་ཁང་གི་གསར་འགོད་པ་གསུམ་རྒྱ་ནག་ནས་ཕྱིར་ཕུད་བཏང་ཞིང་། དེ་བཞིན་ཨ་རིས་ཀྱང་ཨ་རིར་གནས་འཁོད་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་དང་རྒྱ་ནག་ཉིན་རེའི་ཚགས་པར། རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར། རྒྱ་ནག་གི་གོ་ལའི་བརྙན་འཕྲིན་དྲྭ་རྒྱ། རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་སོགས་གསར་འགྱུར་ལས་ཁང་ལྔ་ཨ་རིའི་ས་ཐོག་ཏུ་སྔར་བཞིན་གསར་འགྱུར་ལས་ཁང་གི་ངོ་བོར་གཉེར་འཛིན་བྱེད་མི་ཆོག་པར་ཕྱིའི་རྒྱལ་ཁྱབ་གཅིག་གི་གཞུང་འབྲེལ་ལས་ཁུངས་ཀྱི་ངོ་བོར་ཐོ་འགོད་བྱས་ནས་རྒྱ་ནག་གི་ལས་ཁུངས་དེ་དག་ལ་ཨ་རིའི་ནང་དུ་ཁང་པ་སོགས་རྒྱུ་དངོས་ཅི་ཙམ་ཡོད་མེད་དང་ལས་བྱེད་པ་ཅི་ཙམ་ཡོད་མེད་ཐོ་འགོད་བྱ་དགོས་ཞེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐག་བཅད།
ད་ཐེངས་སླར་ཡང་ཨ་རིར་གནས་འཁོད་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གི་ལས་བྱེད་པའི་གྲངས་ཀར་ཚོད་འཛིན་བྱ་རྒྱུའི་ཐག་གཅོད་བྱུང་བ་དེའི་གྲས་སུ་རྒྱ་ནག་ལ་ཨ་རིའི་ས་ཐོག་ཏུ་གསར་འགྱུར་ལས་ཁང་ཡོད་པ་དེ་དག་ལ་ཡན་ལག་ལས་ཁུངས་ཡོད་པ་དེ་ཚོར་ཁྱོན་བསྡོམས་ལས་བྱེད་པ་༡༦༠་ཡོད་པའི་ཁོངས་ནས་མི་༦༠་ཉུང་དུ་གཏོང་རྒྱུ་ཡིན་པར་མ་ཟད། མ་འོངས་པར་ཨ་རིའི་ནང་དུ་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གི་ལས་བྱེད་པ་༡༠༠་མ་གཏོགས་རྒྱུན་སྡོད་བྱེད་མི་ཆོག་པའི་ཐག་གཅོད་བྱས་འདུག འདི་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེས་འགྲེལ་བཤད་བརྒྱབ་པ་ལྟར་ན། འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་ཨ་རི་དང་རྒྱལ་ཁབ་གཞན་གྱི་གསར་འགོད་པ་ཚོར་སྔར་ལས་ལྷག་པའི་ལྟ་རྟོག་དང་དམ་དྲག ཁོ་ཚོའི་ལས་དོན་ལ་གཏོར་བརླག་དང་འཇིགས་སྐུལ་སོགས་བྱས་ཡོད། ད་ལྟའི་བར་དུ་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་གསར་འགོད་པ་འདུས་པའི་འཛམ་གླིང་གི་གསར་འགོད་པ་ཡོངས་ལ་དགའ་བསུ་ཞུ་བཞིན་ཡོད། རྒྱ་ནག་གི་གསར་འགོད་པ་ཚོར་ཨ་རིའི་གསར་འགོད་རང་དབང་གི་ཐོབ་ཐང་སྤྲད་ནས་བཀག་འགོག་ཅི་ཡང་བྱས་མྱོང་མེད། འོན་ཀྱང་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པར་ཚོད་འཛིན་བྱེད་བཞིན་པ་ནི་ནོར་འཁྲུལ་ཞིག་རེད་སྐྱོན་བརྗོད་བྱས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེས་མུ་མཐུད་དུ་གསུངས་དོན། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ལ་དོན་དངོས་སུ་རྒྱ་ནག་གཞུང་གིས་ཁ་ལོ་སྒྱུར་བཞིན་ཡོད་པས་གསར་འགྱུར་ལས་ཁུངས་དེ་རྣམས་རྒྱ་ནག་ཏུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགྱུར་ཁང་ལྟར་རང་ཚུགས་ཅན་གྱི་གསར་འགྱུར་ཁང་ཁག་ནི་མ་རེད། ང་ཚོས་གསར་འགྱུར་ལས་ཁང་དེ་དག་ལ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་ཁྱབ་ཁོངས་གཞན་ལྟར་འདྲ་མཉམ་གྱི་འགྲན་རྩོད་བྱ་སའི་ཁོར་ཡུག་ཞིག་བསྐྲུན་རྒྱུ་དེ་ཡིན། རྒྱ་ནག་གཞུང་གིས་མ་འོངས་པར་གང་མགྱོགས་གསར་འགོད་པའི་སྨྲ་བརྗོད་རང་དབང་ཚུད་པའི་རྒྱལ་སྤྱིའི་ཡོངས་ཁྱབ་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར། རྒྱལ་སྤྱིའི་འགན་ཁུར་རྣམས་དང་ལེན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད་འདུག
ཨ་རིར་གནས་འཁོད་རྒྱ་ནག་གི་གསར་འགོད་པའི་མི་གྲངས་ལ་ཚོད་འཛིན་བྱ་རྒྱུ་དེ་སྤྱི་ཟླ་༣་པའི་་ཚེས་༡༣་ནས་ལག་ལེན་བསྟར་རྒྱུ་ཡིན། མ་འོངས་པར་ཨ་རིར་གནས་འཁོད་རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གི་ལས་བྱེད་པ་གཉིས་དང་རྒྱ་ནག་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་པ་དགུ རྒྱ་ནག་གི་གོ་ལའི་བརྙན་འཕྲིན་དྲྭ་རྒྱའི་ལས་བྱེད་པ་སུམ་བཅུ། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གི་ལས་བྱེད་པ་༥༩་བཅས་མི་༡༠༠་ཡས་མས་ཤིག་མ་གཏོགས་ཉར་འཇོག་བྱེད་མི་ཆོག་ཅེས་རྒྱ་ནག་གི་གསར་ཁང་ཁག་གི་གསར་འགོད་པ་རྣམས་ཨ་རིར་གནས་སྡོད་ཆོག་པའི་གྲངས་ཀར་ཚོད་འཛིན་བྱས་འདུག