ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༣/༢༡

ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ།


༄༅།། ཨོ་སི་ཊི་རེ་ལི་ཡའི་རྒྱལ་ས་ཁན་བྷ་རའི་སྲིད་ཇུས་དང་འཐབ་ཇུས་ཉམས་ཞིབ་ཁང་གིས་སྤྱི་ཟླ་༣་པའི་ཚེས་༡་ཉིན་སྙན་ཐོ་ཞིག་བཏོན་ཡོད་པ་དེར་རྒྱ་ནག་གཞུང་གིས་ཞིན་ཅང་གི་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་དེ་དག་གི་ནང་དུ་ཤར་ཏུར་ཀི་སི་ཐན་ནམ། ཡང་ན་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་འགོག་ཉར་བྱེད་ཡོད་པ་རྣམས་རྒྱ་ནག་གི་ས་ཆ་གང་སའི་བཟོ་གྲྭ་ཁག་ཏུ་ཁྲིད་ནས་ངལ་རྩོལ་བཙན་བཀོལ་བྱེད་ཀྱིན་འཇུག་ཅེས་བཀོད།

རྒྱ་ནག་གི་བཟོ་གྲྭ་དེ་དག་གི་གྲས་སུ་རྒྱལ་སྤྱིའི་སྟེང་དུ་ཚོང་རྟགས་མིང་གྲགས་ཅན་གྱི་ཨ་རིའི་ཀུ་ཤུའི་བརྡ་འཕྲིན་མཁོ་ཆས་བཟོ་གྲྭ་དང་ནེ་ཁི། གྷེབ་གྱོན་ཆས་བཟོ་ཚོང་ཁང་དང་འཇར་མན་གྱི་ཝྭོཀ་ཝྭེ་གྷན་རླངས་འཁོར་བཟོ་ཚོང་ཁང་། ཉི་ཧོང་གི་སོ་ཎི་གློག་ཆས་བཟོ་ཚོང་ཁང་དང་ལྷོ་ཀོ་རི་ཡའི་སམ་སང་གློག་ཆས་བཟོ་ཚོང་ཁང་སོགས་རྒྱ་ནག་གི་ས་ཐོག་ཏུ་ཚུགས་པའི་རྒྱལ་སྤྱིའི་ཚོང་རྟགས་མིང་གྲགས་ཅན་དེ་དག་གི་བཟོ་གྲྭའི་ནང་དུ་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པ་རེད།

སྙན་ཐོ་འདིར་སྤྱི་ལོ་༢༠༡༧་ནས་༢༠༡༩་ལོའི་བར་དུ་ཆེས་མ་མཐར་ཡང་ཞིན་ཅང་གི་ས་གནས་ཁག་གི་ཡུ་གུར་བ་༨༠༠༠༠་ལྷག་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཡོད་པའི་རྒྱལ་སྤྱིའི་ཚོང་རྟགས་མིང་གྲགས་ཅན་གྱི་བཟོ་གྲྭ་ཁག་ཏུ་བཙན་ཁྲིད་བྱས་འདུག དེའི་གྲས་ཀྱི་མི་ཁག་ཅིག་ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཞེས་པའི་བཀག་ཉར་ཁང་དེ་དག་གི་ནང་ནས་ཐད་ཀར་རྒྱ་ནག་གི་བཟོ་གྲྭ་ཁག་ལ་ཁྲིད་ཡོད་ཅིང་། བཟོ་གྲྭ་ཁག་ལ་ཁྲིད་པའི་མིའི་གྲངས་ཀ་ངོ་མ་ནི་༨༠༠༠༠་ལྷག་བརྒལ་ཡོད་སྲིད་པའི་ཚོད་དཔག་བྱས་འདུག

ཡུ་གུར་བ་དེ་རྣམས་རང་གི་ཕ་ཡུལ་དང་ཁ་ཐག་རིང་བའི་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཉིན་ལྟར་བཟོ་གྲྭའི་ངལ་རྩོལ་རྒྱུག་ཏུ་འགྲོ་དགོས་པ་དང་ངལ་རྩོལ་གྲོལ་རྗེས་ལོགས་སུ་བཀར་ནས་མལ་ཁང་དུ་སྡོད་དགོས། ཁོ་ཚོས་སྒྲིག་འཛུགས་ལྡན་པའི་བསམ་བློ་སྒྱུར་བཀོད་ཀྱི་སློབ་ཁྲིད་ལ་མཉན་དགོས་པ་དང་རྒྱའི་སྐད་ཡིག་ལ་སློབ་སྦྱོང་བྱ་རྒྱུ། ཡུ་གུར་བ་དེ་དག་གི་འགྲོ་འདུག་གང་གི་སྐབས་སུའང་གཞུང་གི་ལྟ་རྟོག་འོག་ཏུ་འཚོ་བ་སྐྱེལ་དགོས་པར་མ་ཟད། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་མི་ཆོག་པ་རྣམས་རྒྱ་གཞུང་གི་གཏན་འབེབས་ཡིག་ཆའི་ནང་དུ་འཁོད་ཡོད་པ་སྙན་ཐོ་འདིར་བཀོད་འདུག

ཨོ་སི་ཊི་རེ་ལི་ཡའི་སྲིད་ཇུས་དང་འཐབ་ཇུས་ཉམས་ཞིབ་ཚོགས་པས་བཏོན་པའི་སྙན་ཐོ་འདིར་ལུང་འདྲེན་བྱས་ཡོད་པའི་རྒྱུ་ཆ་རྣམས་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཁག་དང་འཁོར་སྐར་གྱིས་བླངས་པའི་འདྲ་པར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་ཡིག་ཆ་རྣམས་ཡིན་འདུག སྙན་ཐོ་འདིར་སྤྱི་ལོ་༢༠༡༧་ལོ་ཚུན་ཆད་དུ་རྒྱ་ནག་གི་ཞིང་ཆེན་དགུའི་ཁོངས་སུ་ཡོད་པའི་བཟོ་གྲྭ་༢༧་ལ་ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཟེར་པའི་བཀག་ཉར་ཁང་དེ་དག་གི་ནང་གི་མི་རྣམས་ཁྲིད་ནས་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་འདུག འདི་ནི་རྒྱ་ནག་གཞུང་གིས་ཞིན་ཅིང་ལ་རོགས་སྐྱོར་བྱེད་བཞིན་པའི་ལས་གཞིའི་ཁྱབ་ཁོངས་སུ་བཅུག་ནས་འཛམ་གླིང་སྟེང་གི་ཚོང་རྟགས་མིང་གྲགས་ཅན་བཟོ་ཚོང་ལས་ཁང་༨༣་ཡོད་པ་དེ་དག་གི་བཟོ་གྲྭ་ཁག་ཏུ་ཞིན་ཅང་གི་ངལ་རྩོལ་བ་རྣམས་བཅུག་ཡོད་པ་རེད།

ཨོ་སི་ཊི་རེ་ལི་ཡའི་ཚོགས་པ་འདིས་སྙན་ཐོ་འདི་བཏོན་ནས་རྒྱ་ནག་གཞུང་གིས་མ་འོངས་པར་རང་གི་ས་ཐོག་ཏུ་ཡོད་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གི་བཟོ་གྲྭ་ཁག་ཏུ་ཡུ་གུར་བ་ཚོར་མནར་གཅོད་དང་ངལ་རྩོལ་བཙན་བཀོལ་བྱེད་བཞིན་ཡོད་མེད་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་བཀག་འགོག་མི་ཐེབས་པའི་རེ་འདུན་བཏོན། བཟོ་གྲྭ་དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་མེད་བསྐྱར་ཞིབ་བྱ་དགོས་པའི་དགོས་འདུན་བཏོན་འདུག

XS
SM
MD
LG