ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སྲིད་དོན་བཙོན་ཟུར་བསྟན་པ་དར་རྒྱས་ཀྱི་ཟས་བཅད་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེ་རིང་བོད་ཀྱི་ལོ་སར་ཚེས་གཅིག་ཉིན་མོར་ཨོ་སི་ཊི་རེ་ལི་ཡར་གནས་འཁོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་བོད་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་དུ་ལོ་མི་སར་ཞེས་ལོ་ལྟར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། འདི་ནི་ཁོང་གིས་ལོ་སར་ཚེ་གཅིག་ཉིན་སྤེལ་བའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཐེངས་༧་པ་དེ་ཡིན་འདུག

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་སྤེལ་བཞིན་པའི་ལོ་སར་ཚེས་གཅིག་གི་ཟས་བཅད་ངོ་རྒོལ་ནི་སྤྱི་ལོ་༢༠༡༤་ལོར་རྒྱ་གར་ངྷ་རམ་ས་ལར་མགོ་བརྩམས། དེ་ནས་བཟུང་སྟེ་ལོ་རེའི་ལོ་སར་ཚེས་གཅིག་གི་ཉིན་ཟས་བཅད་ངོ་རྒོལ་དེ་སྟུན་མར་བྱེད་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ་ཁོ་པ་གནས་ཡུལ་ཨོ་སི་ཊི་རེ་ལི་ཡའི་གྲོང་ཁྱེར་ཁག་ཏུ་སྐོར་སྐྱོད་ཀྱིས་རྒྱ་ནག་གཞུང་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ། ད་ལོའི་ལས་འགུལ་འདི་ཨོ་སི་ཊི་རེ་ལི་ཡའི་ཊ་སི་མཱེ་ཎི་ཡ་ཞེས་པའི་གླིང་ཕྲན་དེར་སྤེལ་བཞིན་འདུག

ཁོ་པའི་ལས་འགུལ་གྱི་བརྗོད་གཞི་ནི་འཕྲེད་དར་གཉིས་ཀྱི་སྟེང་དུ་བཀོད། འཕྲེད་དར་གཅིག་གི་སྟེང་དུ་བོད་རང་བཙན་གཙང་མ་ཡིན། བོད་རྒྱ་ནག་གི་ཆ་ཤས་མིན་ཞེས་བྲིས། དེའི་འོག་ཏུ་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པ་དེ་ཁྲིམས་འགལ་ཡིན། རྒྱ་ནག་གིས་བོད་དབང་སྒྱུར་བྱས་པ་དེར་བོད་མི་ས་ཡ་དྲུག་གིས་ངོས་ལེན་གཏན་ནས་མེད་ཅེས་ཚིག་དུམ་ལྔ་བཀོད། དེའི་གཤམ་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བྱེད་ཀྱི་པར་རིས་ཁག་ཅིག་བཀོད་ཡོད་པ་དེ་དག་གྲས་སུ་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས། བོད་ཀྱི་ས་ཁྲ་དང་དམག་མི། བོད་ཀྱི་ཕྱིར་སྐྱོད་ལག་འཁྱེར་དང་བོད་རང་བཙན་གྱི་བསྒྲགས་གཏམ་བཅས་ཀྱི་པར་རིས་རྣམས་བཀོད་ཡོད་པར་མ་ཟད། བོད་རྒྱལ་ཁབ་ཆེན་པོ་དང་རྒྱལ་ཁབ་གཞན་གྱིས་མཉམ་དུ་བཞག་པའི་ཆིངས་ཡིག་དང་རྡོ་རིང་བཅས་ཀྱི་པར་རིས་རྣམས་བསྒྲིགས་ཡོད་པ་སྟེ། རྒྱ་བོད་གཉིས་ཀྱིས་བཙུགས་པའི་ལྷ་སའི་གཙུག་ཁང་གི་མདུན་གྱི་དབོན་ཞང་རྡོ་རིང་དང་བོད་རྒྱ་དབྱིན་གསུམ་འདྲ་མཉམ་གྱིས་བཞག་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག བོད་དབྱིན་ཟུར་ཆིངས་དང་བོད་སོག་རྒྱལ་ཁབ་གཉིས་ཀྱིས་བཞག་པའི་བོད་སོག་ཆིངས་ཡིག་སོགས་ཀྱི་པར་རིས་འཁོད་འདུས།

བསྟན་པ་དར་རྒྱས་ཀྱི་ཟས་བཅད་ངོ་རྒོལ་དེའི་དགོས་འདུན་འཁོད་པའི་འཕྲེད་དར་གཞན་དེའི་སྟེང་དུ་ད་ལྟའི་བར་དུ་བོད་པ་མང་པོས་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་འདྲ་པར་རྣམས་བསྒྲིགས། འདྲ་པར་གྱི་གཤམ་དུ་འདས་པོ་དེ་དག་གིས་བོད་མི་རིགས་དང་བོད་རྒྱལ་སླར་གསོའི་ཆེད་དུ་རང་གི་གཅེས་སྲོག་ཀྱང་བློས་བཏང་སོང་བས་དམ་པ་དེ་ཚོར་རྗེས་དྲན་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཕ་མ་དང་བཟའ་མི་ཉེ་འབྲེལ་ཡོངས་ལ་སྙིང་ཁོངས་རུས་པའི་གཏིང་ནས་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད་ཅེས་བཀོད།

རྒྱ་ནག་གིས་བོད་ལ་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གིས་བོད་དུ་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མཚམས་འཇོིག་བྱ་དགོས། བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་དང་སྐད་ཡིག་རྩ་མེད་དུ་གཏོང་བཞིན་པ་རྣམས་མཚམས་འཇོག་བྱ་དགོས། དེ་བཞིན་རྒྱ་གཞུང་གིས་ཤར་ཏུར་སི་ཀི་སི་ཐན་མི་དམངས་ལ་གཉའ་གནོན་དང་མི་ཆོས་ལས་འདས་པའི་དབང་སྒྱུར་བྱེད་བཞིན་པ་མཚམས་འཇོག་བྱ་རྒྱུ། རྒྱ་ནག་གཞུང་གིས་ལྷོ་སོག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའང་མཚམས་འཇོག་བྱ་དགོས་ཞེས་དགོས་འདུན་དོན་ཚན་འགའ་ཞིག་བཀོད་འདུག

XS
SM
MD
LG