ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིན་ཅང་གི་གཞུང་ཡིག་ཕྱི་ལ་ཤོར་ཐེངས་གསུམ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཞིན་ཅང་ངམ། ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་གཙོ་བོར་གྱུར་པའི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་སུ་འཇུག་པ་མང་པོ་བཀག་ཉར་ཁང་དུ་བཅུག་ཡོད་པའི་ཞིན་ཅང་མོ་ཡུས་རྫོང་གི་ཡིག་ཆ་ཞེས་པའི་གཞུང་གིས་ཉར་ཚགས་བྱས་ཡོད་པའི་གསང་བའི་ཡིག་ཆ་ཞིག་ཕྱི་ལ་ཤོར། ཡིག་ཆ་དེའི་ནང་དུ་རྒྱ་ནག་གཞུང་གིས་ཡུ་གུར་བ་ཕྱིར་སྐྱོད་ལམ་ཡིག་བླངས་ཡོད་པ་དང་ཁ་སྤུ་རིང་བོ་བཞག་ཡོད་པ། སྐྱེ་སྒོ་འགོག་པའི་སྲིད་ཇུས་ལ་འགལ་བ་ནས་ཕྲུ་གུ་མང་པོ་སྐྱེས་ཡོད་པ། ཕྱིའི་རྒྱལ་ཁབ་ཀྱི་དྲྭ་་ཚིགས་ལ་བལྟས་པ་དང་ཕྱི་རྒྱལ་ལ་ཁ་པར་བཏང་བ་སོགས་ཀྱི་རྒྱུ་མཚན་ཁག་ཅིག་བགྲངས་ནས་བཀག་ཉར་ཁང་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག

ཞིན་ཅང་མོ་ཡུས་རྫོང་ནས་ཐོན་པའི་ཡིག་ཆ་འདི་ནི་སྔ་ལོ་ཨ་རིའི་ནེའུ་ཡོག་དུས་བབ་ལ་བཀོད་པའི་ཡིག་ཆ་དང་རྒྱལ་སྤྱིའི་གསར་འགོད་པའི་ཉམས་ཞིབ་ཚོགས་པ་གཉིས་ཀྱིས་བཏོན་པའི་ཡིག་ཆ་ཁག་གི་གཞུག་ཏུ་ཞིན་ཅང་གི་བཀག་ཉར་ཁང་དང་འབྲེལ་བ་ཡོད་པའི་གཞུང་འབྲེལ་གྱི་ཡིག་ཆ་གལ་ཆེན་ཞིག་ཕྱི་ལ་འཁྱར་པ་ཐེངས་གསུམ་པ་ཡིན་ཞིང་། ཡིག་ཆ་འདིར་ཞིན་ཅང་གི་ལྷོ་ནུབ་རྒྱུད་དུ་ཡོད་པའི་མོ་ཡུས་རྫོང་གི་མི་༣༡༡་བཀག་ཉར་ཁང་གི་ནང་དུ་བཅུག་ཡོད་པ་རྣམས་ཀྱི་མིང་དང་ཐོབ་དཔང་གི་ཨང་གྲངས། ཁོ་ཚོ་བཀག་ཉར་ཁང་དུ་འཇུག་དགོས་པའི་རྒྱུ་མཚན་སོགས་ཞིབ་ཏུ་བཀོད། ཁ་སང་སྤྱི་ཚེས་༡༨་ཉིན་ཞིན་ཅང་གི་གནད་དོན་ཉམས་ཞིབ་པ་ཁག་ཅིག་དང་ཡུ་གུར་བའི་ཐོབ་ཐང་རྩོད་ལེན་པ་ཁག་ཅིག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་བཞིན་པའི་བགྲོ་གླེང་འདུ་འཛོམས་ཞིག་ཏུ་ཞུགས། ཁོ་ཚོས་རྒྱ་ནག་གཞུང་གིས་མི་ཤུགས་དང་དེང་རབས་ཚན་རྩལ་གྱི་ནུས་ཤུགས་སྟོབས་ཆེན་པོ་བཀོལ་ནས་ཞིན་ཅང་གི་ཡུ་གུར་བ་ཚོར་ཚོད་འཛིན་དང་ལྟ་རྟོག་བྱེད་ཐབས་ཀྱི་ཞིབ་ཕྲའི་གནས་ཚུལ་ཐེར་འདོན་བྱས་ནས་བགྲོ་གླེང་བྱས་འདུག་པར་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་གང་མགྱོགས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཞེས་པའི་ཁྲིམས་གཞི་ཞིག་གཏན་འབེབས་བྱ་དགོས་པའི་དགོས་འདུན་བཏོན་འདུག

ཁྱོན་བསྡོམས་ཤོག་གྲངས་༡༣༧་ཡོད་པའི་ཡིག་ཆ་དེར་སྔོན་ཆད་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་མྱོང་བའི་མི་སྣ་གཉིས་ཀྱི་མིང་ཐོ་ཐོན། དེའི་གྲས་ཀྱི་མི་གཅིག་གི་མིང་ལ་ཐུའུ་ཨར་སོན་ཐོ་ཧི་ཐི་ཟེར། མི་དེ་ཞིན་ཅང་གི་ཧི་ཐན་ས་ཁུལ། མོ་ཡུས་རྫོང་གི་ལག་ཤེས་སློབ་སྦྱོང་ལྟེ་གནས་ཟེར་པ་དེའི་ནང་དུ་བཀག་ཉར་བྱས་མྱོང་། སྐབས་དེར་ཁོ་པ་བཀག་ཉར་ཁང་གི་ནང་དུ་འཇུག་དོན་ནི་ཆུང་མས་གདོང་ཁེབས་གཡོགས། ཁོ་གཉིས་ལ་བྱིས་པ་དྲུག་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བཀག་ཉར་བྱས་ཡོད་པ་སྟེ། ཁྱོ་ཤུག་ཟུང་དེས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏན་འབེབས་བྱས་པར་རྒྱབ་འགལ་བྱས་ནས་བྱིས་པའི་གྲངས་ཀ་བརྒལ་ནས་ཕྲུ་གུ་༤་མང་བ་སྐྱེས་ཡོད་པའི་ཉེས་འཛུགས་བྱས་འདུག ད་དུང་ཁོ་པའི་གྲོགས་པོི་ཨབ་དྷུལ་མ་ལིཀ་ཟེར་བ་ཞིག་ཡོད་པའང་བཀག་ཉར་ཁང་གཅིག་པའི་ནང་དུ་བཅུག་ཅིང་། ཨབ་དྷུལ་མ་ལིཀ་འཇུག་དོན་ནི་དེ་སྔོན་རྒྱ་ནག་གཞུང་གིས་ཉེན་ཁ་ཅན་གྱི་གྲས་སུ་རྩི་བཞིན་པའི་རྒྱལ་ཁབ་ཅིག་ལ་ཕྱིན་ནས་ཕྱིར་ལོག་བྱས་པའི་སྟབས་ཀྱིས་དོགས་པ་བྱ་དགོས་སའི་མིའི་གྲས་སུ་བཅུག་ནས་ཉེས་འཛུགས་བྱས་འདུག

ཨབ་དྷུལ་མ་ལིཀ་དང་ཆུང་མ་གཉིས་ལའང་སྐྱེ་འགོག་སྲིད་ཇུས་ཀྱི་གཏན་ཁེལ་བྱས་པ་དེ་ལས་བརྒལ་ནས་བུ་ཕྲུག་༡་མང་བ་སྐྱེས་ཡོད་པའི་ཉེས་འཛུགས་བྱ་རྒྱུའི་རྒྱུ་མཚན་དུ་བགྲངས། གོང་གི་མི་དེ་དག་གི་མིང་ཐོ་ཐེངས་འདིའི་ཞིན་ཅང་ཧི་ཐན་ས་ཁུལ། མོི་ཡུས་རྫོང་ནས་ཕྱི་ལ་ཤོར་བའི་ཡིག་ཆའི་ནང་འཁོད། ཡིག་ཆ་དེར་འཁོད་པའི་མི་༣༠༠་ལྷག་ཡོད་པ་ཚང་མ་ཞིན་ཅང་ཧི་ཐན་ས་ཁུལ། མོ་ཡུས་རྫོང་ནས་ཡིན་ཞིང་། རྫོིང་འདི་ནི་ཏཀ་ལཱ་མ་ཁན་བྱེ་ཐང་ལ་འདབས་འབྲེལ་དུ་ཆགས། རྫོང་འདིར་མི་འབོར་༦༥༠༠༠༠་ཡོད་པའི་གྲས་ཀྱི་བརྒྱ་ཆའི་༩༧་ཡུ་གུར་བ་ཡིན། ཡིག་ཆ་འདིར་ཞིབ་འཇུག་བྱས་པའི་མཇུག་འབྲས་སོགས་ཁ་སང་སྤྱི་ཚེས་༡༨་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ཀྱིས་གསལ་བསྒྲགས་བྱས་འདུག

XS
SM
MD
LG