ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་དུ་ཏོག་དབྱིབས་ནད་དུག་ཁྱབ་ཚད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་སྤྱི་ཟླ་༢་པའི་ཚེས་༡༦་ཉིན་གྱི་མཚན་གུང་གི་ཆུ་ཚོད་༡༢་བར་དུ་བོད་ཀྱི་ས་ཁུལ་དཀར་མཛེས་བོད་རང་སྐྱོང་ཁུལ་གྱི་ཁོངས་སུ་ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་བའི་རིམས་ནད་ཕོག་མཁན་མི་༧་གསར་དུ་བྱུང་སྟེ། ད་ལྟ་དཀར་མཛེས་བོད་རང་སྐྱོང་ཁུལ་གྱི་ཁོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་བའི་རིམས་ནད་ཕོག་ཡོད་མཁན་གྱི་ནད་པ་༥༧་བྱུང་ཡོད་པའི་གྲས་སུ་རྟའུ་རྫོང་དུ་མི་༥༢་དང་། དར་རྩེ་མདོ་རུ་མི་༢། གསེར་རྟ་རྫོང་དུ་མི་༢། འདབ་པ་རུ་མི་༡་བཅས་ལ་ཏོག་དབྱིབས་ནད་དུག་གིས་བསྐྱེད་པའི་གློ་ཚད་གསར་བའི་རིམས་ནད་ཕོག་ཡོད་པ་དང་། ཁྱོན་རིམས་ནད་ཕོག་པ་མི་༥༧་ཡོད་པའི་གྲས་སུ་དྲག་བསྐྱེད་བྱུང་ཟིན་པའི་མི་༣་དང་། རིམས་ནད་ཕོག་པ་ཧ་ཅང་ཚབས་ཆེན་ཡིན་པ་མི་༡་དང་། རིམས་ནད་ཕོག་པ་ཚབས་ཆེན་ཡིན་པའི་མི་༥་བཅས་དང་། དེའི་གྲས་སུ་སྐྱེས་པ་༣༡་དང་བུད་མེད་༢༦་ཡོད་པའི་གྲས་སུ་ལོ་ཆེ་ཤོས་༧༧་དང་། ཆུང་ཤོས་ལོ་ན་༣་ཡིན་ཞིང་། མི་༤༨་རྟའུ་རྫོང་དུ་རྒྱུན་སྡོད་བྱེད་མཁན་གྱི་མི་ཡིན་ཞིང་། ད་ལྟ་རིམས་ནད་ཕོག་མཁན་གྱི་མི་འདི་དག་ལ་འབྲེལ་འདྲིས་བྱུང་ཡོད་པའི་མི་༣༧༣་ལ་མུ་མཐུད་ནས་བརྟག་དཔྱད་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་དཀར་མཛེས་བོད་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཅེས་པའི་དྲ་ཚིགས་ཀྱི་སྟེང་དུ་གསལ་བསྒྲགས་སྤེལ་འདུག བོད་ཀྱི་ས་ཁུལ་ཁག་ལས་རྟའུ་རྫོང་གི་ཁོངས་སུ་རིམས་ནད་དེ་འགོས་ཁྱབ་བྱུང་བ་ཚབས་ཆེ་ཤོས་ཡིན་པ་ལྟར། ཉེ་ཆར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྟའུ་དགོན་སྤྱི་ནས་རིམས་ནད་འདིའི་ཐད་བརྟག་ཞུ་ཞུས་པ་ལྟར་བརྟག་པ་བགྱིས་དོན་གྱི་བཀའ་གསུང་ཡིག་ཐོག་ཏུ་བཀོད་པ་ཉེ་ཆར་སྤྱི་ཟླ་༢་པའི་ཚེས་༡༤་ཉིན་གསལ་བསྒྲགས་སྤེལ་ཡོད་པའི་ནང་དུ། དམིགས་བསལ་ངན་མདོག་ཆེ་བ་མ་ཤར། འོན་ཀྱང་སྤྱི་མཐུན་ལས་དབང་དང་འབྲེལ་བས་ཡུལ་སྤྱི་ནས་འཕྲོད་བསྟེན་སྔོན་འགོག་གཟབ་ནན་དང་། སྒྲོལ་མ་དང་མ་ཎི་གང་འགྲོ་གསོག སྟོན་པའི་གསུང་གི་སྙིང་པོི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལ་ཐོས་བསམ་སྒོམ་ཐུབ་ན་ཚོགས་བསགས་དང་ལས་སྒྲིབ་སྦྱོང་བར་དེ་བས་གནད་ཆེ་བ་མེད་ཅེས་གསུངས་འདུག གཞན་བོད་ཀྱི་ས་ཁུལ་ཁག་དུ་བོད་མི་དང་བླངས་པ་དག་གིས་ཏོག་དབྱིབས་ནད་དུག་སྐོར་གྱི་ཤེས་བྱ་ཁག་རྒྱ་ཡིག་ནས་བོད་ཡིག་ཏུ་ཕབ་སྒྱུར་བྱེད་པའམ། རིམས་ནད་འདི་ཅི་ལྟར་འགོག་སྲུང་བྱ་ཐབས་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་མཁན་མང་པོ་འདུག་ཅིང་། བོད་ཀྱི་དགོན་སྡེ་ཁག་དང་མི་སྒེར་བ་སོགས་ནས་རྒྱ་ནག་ཝུའུ་ཧན་ས་ཁུལ་དུ་ཞལ་འདེབས་ཕུལ་བཞིན་པ་དང་། དེ་མིན་ཐེངས་འདིའི་རིམས་ནད་ལ་རྐྱེན་བྱས་ནས་བོད་ཀྱི་ས་ཁུལ་རྟའུ་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོའི་མི་རྣམས་ལ་དཀའ་ངལ་ཚད་མེད་བཟོས་ཡོད་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་བོད་ཀྱི་གཞས་པ་གཞས་མ་མང་པོ་ཞིག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་གླུ་གཞས་གཏོང་བ་དང་། གཞན་སྙན་ངག་པས་སྙན་ངག་འབྲིེ་བ་སོགས་ཀྱི་གནས་ཚུལ་ཀྱང་སྐད་འཕྲིན་སོགས་དྲ་རྒྱའི་བརྒྱུད་ལམ་གང་སར་ཁྱབ་འདུག སྤྱིར་རྒྱ་ནག་རྒྱལ་ཡོངས་ལ་མཚོན་ན་ཁ་སང་སྤྱི་ཟླ་༢་པའི་ཚེས་༡༦་ཉིན་གྱི་མཚན་གུང་གི་ཆུ་ཚོད་༡༢་བར་དུ་ཁྱོན་བསྡོམས་གློ་ཚད་རིམས་ནད་དེ་ཕོག་པར་ངོས་འཛིན་བྱུང་ཡོད་པའི་མི་༧༠༥༤༨་དང་། འདས་གྲོངས་སུ་ཕྱིན་པ་༡༧༧༠་བྱུང་ཡོད་ཅིང་།རིམས་ནད་དེ་ཕོག་ཡོད་པར་དོགས་པ་བྱ་སའི་མི་༧༢༦༤་དང་། རིམས་ནད་ཕོག་མཁན་དག་ལ་འབྲེལ་འདྲིས་མང་པོ་བྱུང་མཁན་གྱི་མི་འབུམ་༡་དང་ཁྲི་༥་ལྷག་ལ་མུ་མཐུད་ནས་བརྟག་དཔྱད་བྱེད་བཞིན་པ་བཅས་ཀྱི་གནས་ཚུལ་རྒྱ་ནག་དབུས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཚོགས་ཅེས་པའི་དྲ་ཚིགས་ཀྱི་སྟེང་གསལ་བསྒྲགས་སྤེལ་འདུག ཐེངས་འདིའི་གློ་ཚད་རིམས་ནད་རྒྱ་ནག་གཙོས་པའི་འཛམ་གླིང་རྒྱལ་ཁབ་༢༧གྱི་ནང་དུ་འགོས་ཁྱབ་བྱུང་ཡོད་ཅིང་། རྒྱ་ནག་ལས་གཞན་རིམས་ནད་ཕོག་པ་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ནི་ཉི་ཧོང་ཡིན་ཞིང་། ཉི་ཧོང་དུ་ད་སྔ་རིམས་ནད་དེ་ཕོག་མཁན་མི་གྲངས་༥༡༣་བྱུང་འདུག

XS
SM
MD
LG