ངོ་འཕྲད་བདེ་བའི་དྲ་འབྲེལ།

དཀར་མཛེས་ཁུལ་དུ་གློ་ཚད་ཁྱབ་གདལ་ཚབས་ཆེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་ལ་རྐྱེན་བྱས་ནས་བོད་ཀྱི་ས་ཁུལ་དཀར་མཛེས་བོད་རང་རིགས་སྐྱོང་ཁུལ་དུ་རིམས་ནད་ཕོག་མཁན་མི་༣༦་བྱུང་འདུག ནད་པ་དེ་དག་གི་གྲས་ནས་མི་༣༡་རྟའུ་རྫོང་དང་གསེར་རྟ་རྫོང་དུ་མི་གཉིས། དར་རྩེ་མདོར་མི་གཉིས། འདབ་པ་ཁུལ་དུ་མི་གཅིག་བཅས་ཁྱོན་བསྡོམས་མི་༣༦་ལ་རིམས་ནད་དེ་ཕོག ཁ་སང་སྤྱི་ཚེས་༡༡་ཉིན་གཅིག་པུར་རྟའུ་རྫོང་དུ་རིམས་ནད་དེ་ཕོག་མཁན་གྱི་མི་༩་མང་དུ་ཕྱིན་ཡོད་པས་རྟའུ་རྫོང་དུ་རིམས་ནད་ཁྱབ་པའི་གནས་ཚུལ་ཧ་ཅང་ཛ་དྲག་གི་གནས་སུ་ལྷུང་འདུག

གཞན་ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་༦་བྱུང་ཡོད་པ་དང་་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་མི་༣་ལ་རིམས་ནད་དེ་བྱུང་། རྔ་པ་ཁུལ་དུ་མི་གཅིག་དང་ཟི་ལིང་གྲོང་ཁྱེར་དུ་མི་༡༥་ལ་རིམས་ནད་དེ་ཕོག་ཡོད་པ་བཅས་ཁྱོན་བསྡོམས་བོད་ས་ཁུལ་ཁག་ཏུ་རིམས་ནད་ཕོག་པའི་ནད་པའི་གྲངས་ཀ་མང་དུ་སོང་། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་རིམས་ནད་ཕོག་མཁན་གྱི་མི་གཅིག་བྱུང་བ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱི་ལ་ཐོན་ཡོད་པའི་གསར་འགྱུར་ཐོན་ཞིང་། སྤྱིར་བཏང་རྒྱ་ནག་རྒྱལ་ཡོངས་སུ་ཁ་སང་སྤྱི་ཚེས་༡༡་གི་མཚན་གུང་ཆུ་ཚོད་༡༢་བར་དུ་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་ཕོག་ནས་མི་༡༡༡༣་ལ་འཆི་སྐྱོན་དང་རིམས་ནད་དེ་ཕོག་ཡོད་པར་གཏན་ཁེལ་བྱུང་བའི་ནད་པའི་གྲངས་འབོར་༤༤༦༥༣་བྱུང་ཡོད་པ་རེད།

ད་ལྟ་རིམས་ནད་དེ་ཕོག་ཡོད་པར་དོགས་པ་བྱ་སའི་མི་༡༦༠༦༧་དང་གློ་ཚད་རིམས་ནད་ཕོག་མཁན་ལ་འབྲེལ་འདྲིས་བྱུང་བའི་མི་༡༨༥༠༣༧་བྱུང་ཡོད་པ་དེ་དག་ལ་སྨན་ཁང་ཁག་ཏུ་མུ་མཐུད་ནས་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། ད་སྔ་ཐེ་ཝན་དུ་མི་༡༨་ལ་རིམས་ནད་དེ་བྱུང་། ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཁྱོན་བསྡོམས་མི་༤༩་ལ་རིམས་ནད་དེ་ཕོག་ཡོད་པའི་གྲས་ཀྱི་མི་གཅིག་འདས་གྲོངས་སུ་གྱུར། ཨོ་མེན་དམིགས་བསལ་ས་ཁུལ་དུ་མི་༡༠་ལ་རིམས་ནད་དེ་ཕོག་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་རྒྱ་ནག་དབུས་གཞུང་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གི་དྲྭ་ཚིགས་སུ་ཕྱིར་བསྒྲགས་བྱས་འདུག

རྒྱ་ནག་ཝུ་ཧན་ནས་མཆེད་པའི་རིམས་ནད་འདི་རྒྱ་ནག་ཙམ་མིན་པར་འཛམ་གླིང་རྒྱལ་ཁབ་མང་པོར་ཁྱབ་ཡོད་པ་སྟེ། ཉི་ཧོང་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་གྲུ་གཟིངས་ཆེན་པོ་ཞིག་གི་ནང་དུ་རིམས་ནད་དེ་ཁྱབ་ནས་གྲུ་གཟིངས་དེའི་ནང་གི་མི་༡༧༤་རིམས་ནད་དེ་འགོས། དེའི་གྲས་སུ་ནད་དུག་ཕོག་པ་ཚབས་ཆེན་ཡིན་པའི་ནད་པ་༤་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་འདུག ཉི་ཧོང་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་གྲུ་གཟིངས་ཆེན་པོ་དེ་སྤྱི་ཟླ་དང་པོའི་ཚེས་༢༠་ཉིན་ཉི་ཧོང་གི་ཡོ་ཁཱོ་ཧ་མ་མཚོ་ཁ་ནས་ལམ་དུ་ཆས་ནས་ཧོང་ཀོང་དང་ཐེ་ཝན་གྱི་གྲུ་ཁ་ཁག་ཅིག་བརྒྱུད་ནས་སྤྱི་ཟླ་༢་པའི་ཚེས་༤་ཉིན་སླར་ཡང་ཉི་ཧོང་གི་ཡོ་ཁཱོ་ཧ་མ་གྲོང་ཁྱེར་དུ་འབྱོར། སྐབས་དེར་གྲུ་གཟིངས་ནང་གི་མི་ཁག་ཅིག་ལ་རིམས་ནད་དེ་འགོས་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་གྲུ་གཟིངས་དེར་མི་༣༧༡༡་ཡོད་པ་རྣམས་ལོགས་སུ་བཀར་ནས་མི་རེ་རེར་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། གྲུ་གཟིངས་དེར་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མ་འདྲ་བ་དགུའི་མི་རྣམས་འདུས།

ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་ཁྱོན་བསྡོམས་རྒྱལ་ཁབ་༢༦་གི་ནང་དུ་རིམས་ནད་དེ་ཁྱབ་ཡོད་པའི་གྲས་སུ་རྒྱ་ནག་མ་བརྩིས་པར་རིམས་ནད་ཕོག་པ་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ནི་ཉི་ཧོང་ཡིན་ཞིང་། ཉི་ཧོང་ལ་མི་༢༠༣་དང་སིངྒ་པུར་དུ་མི་༤༧། ཐེ་ལན་ཌིར་མི་༣༣་དང་ལྷོ་ཀོ་རི་ཡར་མི་༢༨། མ་ལེ་ཤི་ཡ་དང་ཐེ་ཝན་གཉིས་སུ་མི་༡༨་རེ་དང་འཇར་མན་དུ་མི་༡༦། ཨོ་གླིང་རྒྱལ་ཁབ་དང་ཝྭི་ཏེ་ནམ་གཉིས་ལ་༡༥་རེ། ཨ་རིར་མི་༡༣་དང་ཧྥ་རན་སིར་མི་བཅུ་གཅིག་ལ་རིམས་ནད་དེ་བྱུང་འདུག མི་གྲངས་བཅུ་མན་ཆད་ལ་རིམས་ནད་ཕོག་ཡོད་སའི་རྒྱལ་ཁབ་༡༤་དང་། ད་ལྟ་ཕྱིའི་རྒྱལ་ཁབ་ཁག་གི་གྲས་ནས་ཧྥི་ལི་ཕིན་དུ་རིམས་ནད་འདིར་རྐྱེན་བྱས་ནས་མི་གཅིག་འདས་གྲོངས་སུ་གྱུར། ད་དུང་རྒྱལ་ཁབ་གཞན་ཁག་ཏུ་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་མེད།

XS
SM
MD
LG