ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱལ་སྤྱིའི་གསར་འགྱུར་ཕྱོགས་བསྡུས། ༢༠༢༠ ཟླ་ ༢ ཚེས་༦


༡ རྒྱ་ནག་ཏུ་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་ཀྱིས་ཁ་སང་སྤྱི་ཟླ་གཉིས་པའི་ཚེས་ལྔའི་མཚན་གུང་གི་ཆུ་ཚོད་བཅུ་གཉིས་བར་དུ་ཁྱོན་བསྡོམས་མི་༥༦༣་ལ་འཆི་སྐྱོན་དང་རིམས་ནད་དེ་ཕོག་ཡོད་པ་གཏན་ཁེལ་བྱུང་བའི་མི་༢༨༠༡༨་ཡོད། ནད་པ་དེ་དག་གི་གྲས་སུ་རིམས་ནད་ཕོག་ཡོད་པ་ཚབས་ཆེན་ཡིན་པའི་མི་༣༨༥༩་ཡོད། རིམས་ནད་དེ་ཕོག་ཡོད་པར་དོགས་པ་བྱ་ཡུལ་མི་༢༤༧༠༢་ཡོད་པ་དང་སྨན་ཁང་ནས་དྲག་སྐྱེད་བྱུང་བའི་མི༡༡༥༣་ཡོད་ཁྱབ་བསྒྲགས་བྱས་འདུག ཧོང་ཀོང་ལ་རིམས་ནད་དེ་ཕོག་མཁན་གྱི་མི་༢༡་བྱུང་ཡོད་པའི་གྲས་ནས་མི་གཅིག་འདས་གྲོངས་སུ་གྱུར་། ཨོ་མེན་དམིགས་བསལ་ས་ཁུལ་དུ་གློ་ཚད་རིམས་ནད་ཕོག་མཁན་མི་༡༠་དང་ཐེ་ཝན་དུ་མི་༡༡་བྱུང་ཡོད་ཅེས་རྒྱ་ནག་དབུས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གི་དྲྭ་ཚིགས་སུ་བཀོད་འདུག

བོད་ཀྱི་ས་ཁུལ་ཁག་ཏུ་གློ་ཚད་གསར་པའི་རིམས་ནད་ཕོག་ཡོད་ས་ཚབས་ཆེ་ཤོས་ནི་དཀར་མཛེས་བོད་རང་སྐྱོང་ཁུལ་ཡིན་ཞིང་། ད་སྔ་དཀར་མཛེས་བོད་རང་སྐྱོང་ཁུལ་དུ་རིམས་ནད་ཕོག་མཁན་མི་༡༢་བྱུང་ཡོད་པའི་གྲས་སུ་རྟའུ་རྫོང་དུ་མི་༧་དང་དར་རྩེ་མདོར་མི་གཉིས། གསེར་རྟ་རྫོང་དུ་མི་གཉིས་དང་འདབ་པར་མི་གཅིག་བཅས་ཡོད་འདུག དེའི་གྲས་སུ་སྐྱེས་པ་དགུ་དང་བུད་མེད་གསུམ། ལོ་ན་ཆེ་ཤོས་ནི་༦༦་ཆུང་ཤོས་ལོ་༢༤་ཡིན་ཞིང་། སི་ཁྲོན་ཞིང་ཆེན་གསར་འགྱུར་དྲྭ་བར་དཀར་མཛེས་བོད་རང་སྐྱོང་ཁུལ་ནི་བོད་ཀྱི་ས་ཁུལ་ཁག་གི་བོད་པའི་མི་འབོར་ཆེས་མང་ཤོས་ཀྱི་ཁུལ་ཞིག་ཡིན། བོད་རང་སྐྱོང་ཁུལ་འདིའི་ཁོངས་སུ་མི་འབོར་ས་ཡ་གཅིག་དང་ཆིག་འབུམ་དྲུག་ཁྲི་བཞི་སྟོང་དགུ་བརྒྱ་ཡོད་པ་རེད།

གཞན་ཡང་བོད་པ་འབུམ་གཅིག་ལྷག་འདུས་སྡོད་བྱས་ཡོད་པའི་ཟི་ལིང་གྲོང་ཁྱེར་དུ་མི་བཅོ་ལྔར་གློ་ཚད་རིམས་ནད་ཕོག་ཡོད་ཅིང་། མཚོ་བྱང་བོད་རང་སྐྱོང་ཁུལ་དུ་མི་གསུམ་ལ་རིམས་ནད་བྱུང་འདུག དེ་མིན་ལྷ་སར་མི་གཅིག་དང་ཀན་ལྷོ་བོད་རང་སྐྱོང་ཁུལ་དུ་མི་གཉིས། རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་མི་གཅིག་བཅས་རིམས་ནད་ཕོག་ཡོད་པའི་གྲངས་འབོར་ས་གནས་སོ་སོའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་འཁོད་འདུག བོད་ཀྱི་ས་ཁུལ་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་ཕོག་པ་དང་བསྟུན། རྒྱ་ནག་གཞུང་གིས་དྲྭ་ལམ་ཁག་ཏུ་དཀྲོག་གཏམ་སྤེལ་མཁན་གྱི་ཉེས་མིང་བཏགས་ནས་བོད་པ་འཛིན་བཟུང་དང་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་འབྱུང་གི་ཡོད་ཅིང་། རྒྱ་ནག་གི་མི་དམངས་དྲྭ་བའི་བོད་ཡིག་དྲྭ་ཚིགས་སུ་གསར་འགྱུར་སྤེལ་བ་ལྟར་ན་བོད་ཀྱི་ཆབ་མདོ་ས་ཁུལ་གྱི་ཁོངས་གཏོགས་གོ་འཇོ་དང་སྟེང་ཆེན་རྫོང་གི་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་པའི་དཀྲོག་གཏམ་སྤེལ་མཁན་གྱི་ཉེས་མིང་བཏགས་ནས་མི་བདུན་བཀག་ཉར་དང་མི་བརྒྱད་ལ་ཁ་ཏ་སློབ་གསོ་བཏང་ཡོད་པའི་གནས་ཚུལ་སྤེལ་འདུག

༢ ཁ་སང་སྤྱི་ཚེས་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པའི་སྟེང་དུ་ཨ་རིའི་གྲོས་ཚོགས་གོང་མར་སྲིད་འཛིན་ཊོམ་ལ་ཉེས་འཛུགས་དོན་ཚན་གཉིས་ཀྱི་ཐོག་ཏུ་ཁྲིམས་བཤེར་གྱི་འོས་ཤོག་འཕངས། ཨ་རིའི་སྲིད་འཛིན་ལ་ཉེས་འཛུགས་དོན་ཙན་གཉིས་ལ་སྔ་རྗེས་སུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བརྒྱས་འོས་ཤོག་ཐེངས་གཉིས་ལ་འཕངས་པའི་མཇུག་འབྲས་སུ་ཉེས་འཛུགས་དང་པོར་སྲིད་འཛིན་ལ་ནག་ཉེས་འདུག་ཅེས་འོས་ཤོག་འཕེན་མཁན་འཐུས་༤༨་དང་། སྲིད་འཛིན་ལ་ནག་ཉེས་མི་འདུག་ཅེས་འོས་ཤོག་འཕེན་མཁན་འཐུས་མི་༥༢་བྱུང་ཞིང་། ཉེས་འཛུགས་དོན་ཚན་གཉིས་པར་སྲིད་འཛིན་ལ་ནག་ཉེས་འདུག་ཅེས་འོས་ཤོག་འཕེན་མཁན་འཐུས་མི་༤༧་དང་ཉེས་འཛུགས་མི་འདུག་ཅེས་འོས་ཤོག་འཕེན་མཁན་འཐུས་མི་༥༣་བྱུང་། མཐར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་མང་གིས་སྲིད་འཛིན་ལ་ནག་ཉེས་མེད་པའི་ཁྲིམས་ཐག་བཅད། སྲིད་འཛིན་གནས་དབྱུང་གཏོང་བར་ཁྱོན་བསྡོམས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༦༠་ཐམ་པས་མོས་མཐུན་གྱི་འོས་ཤོག་འཕེན་དགོས་པ་རེད།

༣ དེ་རིང་སྤྱི་ཚེས་༦་ཉིན་ཨ་རིའི་རྒྱལ་ཡོངས་ཀྱི་ཞོགས་ཇའི་གསོལ་འདེབས་འདུ་འཛོམས་ཐེངས་༦༨་པ་ཚོགས་ཡོད་ཅིང་། ཐེངས་འདིའི་ཚོགས་ཐོག་ཏུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་མཉམ་ཞུགས་གནང་འདུག ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་གསོལ་འདེམས་འདུ་འཛོམས་ནི་ལོ་རེའི་སྤྱི་ཟླ་གཉིས་པའི་རེས་གཟའ་ཕུར་བུ་དང་པོ་དེར་་འཚོགས་སྲོལ་ཡོད་ཅིང་། འདུ་འཛོམས་འདིར་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་གཙོས་རྒྱལ་སྤྱིའི་ཆབ་སྲིད་དང་ཆོས་ལུགས་ཀྱི་གནད་ཡོད་མི་སྣ་སོགས་མི་གྲངས་༣༥༠༠་ལྷག་མཉམ་ཞུགས་བྱས་འདུག སྤྱི་ལོ་༢༠༡༥་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་གསོལ་འདེབས་འདུ་འཛོམས་ཀྱི་སྐུ་མགྲོན་གཙོ་བོར་གདན་འདྲེན་བྱས་པ་ལྟར་ཕེབས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེའི་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མས་ཚོགས་ཐོག་ཏུ་༧གོང་ས་མཆོག་གི་མཚན་སྨྱྲས་ནས་བསྔགས་བརྗོད་གནང་ཡོད་པ་རེད།

༤ རྒྱ་ནག་ཝུ་ཧན་ནས་གློ་ཚད་གསར་པའི་རིམས་ནད་ཞིག་ཁྱབ་སྟེ་འཛམ་གླིང་གི་ས་ཆ་གང་སར་རིམས་ནད་དེ་ཕོག་ཡོད་མཁན་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་ཝུ་ཧན་དུ་ཡོད་པའི་བོད་ཀྱི་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་༨༠༠་དང་བཟའ་མི་༦༢་བཅས་ཝུ་ཧན་གྲོང་ཁྱེར་དུ་ལུས་འདུག་ཅེས་ཀྲུང་གོའི་བོད་ཀྱི་དྲྭ་བར་གནས་ཚུལ་སྤེལ་འདུག དྲྭ་ཚིགས་དེར་འཁོད་པ་ལྟར་ན་ཝུ་ཧན་དུ་ཡོད་པའི་བོད་ཀྱི་སློབ་འབྲིང་གི་སློབ་ཕྲུག་དང་ཁྱིམ་བདག་བཅས་དེ་གར་ལུས་ཡོད་པར་ས་གནས་གཞུང་གིས་ཁ་ཐུམ་༢༥༠༠་དང་བཟའ་བཅའི་རིགས་རོགས་རམ་སྤྲད་བྱས་ཡོད་པའི་གནས་ཚུལ་ཐོན། ད་ལྟ་ཝུ་ཧན་ས་ཁུལ་དུ་བོད་དང་ཞིན་ཅང་གི་སློབ་ཕྲུག་ཡོད་པ་དེ་དག་གིས་སློབ་གཉེར་བྱ་ཡུལ་སློབ་གྲྭ་ལྔ་ཡོད་པ་ནི་ཝུ་ཧན་བོད་ཀྱི་སློབ་འབྲིང་དང་ཏུང་ཧུའུ་སློབ་འབྲིང། ཧན་ཐེ་མཐོ་འབྲིང་། ཝུ་ཧན་སློབ་འབྲིང་དང་པོ། ཝུ་ཧན་གྲོང་ཁྱེར་ནོར་སྲིད་ཚོང་ལས་སློབ་གྲྭ་བཅས་ཡིན། སློབ་གྲྭ་དེ་དག་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སློབ་ཕྲུག་༢༠༠༠་ལྷག་ཡོད། སློབ་གྲྭ་དེ་དག་ནི་བོད་དང་ཞིན་ཅང་ལ་ཆེད་དུ་རོགས་སྐྱོར་བྱེད་མཁན་གྱི་སློབ་གྲྭ་རྣམས་ཡིན་ཞིན་ཞེས་བསྒྲགས། ཝུ་ཧན་བོད་ཀྱི་སློབ་འབྲིང་ནི་རྒྱ་ནག་གཞུང་གིས་རྒྱ་ནག་གི་ས་ཆ་གང་སར་བཙུགས་ཡོད་པའི་བོད་ཀྱི་སློབ་འབྲིང་ཁག་གི་གྲས་ཀྱི་གཅིག་ཡིན། རྒྱ་ནག་གི་པེ་ཏུའུ་འཚོལ་བཤེར་དྲྭ་ཚིགས་སུ་ངོ་སྤྲོད་བྱས་ཡོད་པ་ལྟར་ན། སློབ་འབྲིང་འདི་ནི་སྤྱི་ལོ་༢༠༠༦་ལོར་ཚུགས། ད་ལྟ་སློབ་གྲྭ་དེར་སློབ་ཕྲུག་༨༠༠་དང་དགེ་རྒན་༨༠་ཡོད་པ་དང་། འཛིན་རིམ་བདུན་པ་ནས་བཅུ་གཉིས་བར་དུ་ཁྱོན་བསྡོམས་འཛིན་གྲྭ་༡༨་ཡོད་པའི་གྲས་སུ་དམའ་འབྲིང་ལ་འཛིན་གྲྭ་དགུ་དང་མཐོ་འབྲིང་ལ་འཛིན་གྲྭ་དགུ་ཡོད་པ་རེད། སློབ་གྲྭ་ངོ་སྤྲོད་བྱས་པ་དེའི་ནང་དུ་སློབ་གྲྭ་འདིས་ཆབ་སྲིད་ཀྱི་སློབ་ཁྲིད་གཙོ་བོར་འཛིན་པའི་གྲས་སུ་ལྟ་ཚུལ་བཞི་དང་ཁ་བྲལ་མི་ཐུབ་པ་གསུམ་སོགས་ཆབ་སྲིད་ཀྱི་ནང་དོན་འདུས། སློབ་ཕྲུག་མང་ཆེ་བ་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་མི་ཡིན་པ་དང་ཝུ་ཧན་བོད་ཀྱི་སློབ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག་གཉིས་མིང་འདོན་བྱས་ཏེ་སྤྱི་ལོ་༢༠༠༨་ལོར་བོད་ནང་གི་ཟིང་འཁྲུག་གི་དུས་སུ་གཞུང་ལ་བྱས་རྗེས་བཞག་ཡོད་པ་བཅས་འགྲེལ་བཤད་བྱས་འདུག ཡང་ཀྲུང་གོའི་བོད་ཀྱི་དྲྭ་བའི་སྟེང་དུ་ངོ་སྤྲོད་བྱས་པ་ལྟར་ན་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོད་ཀྱི་འཛིན་གྲྭ་ཁག་ལ་ཁྱོན་བསྡོམས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བཅས་སློབ་གྲྭ་བརྒྱ་ལྷག་བཙུགས་ཡོད་ཅིང་། ད་ལྟ་སློབ་གྲྭའི་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་གི་གྲངས་ཀ་༣༠༠༠༠་ལྷག་ཡོད་པ་དང་། འདས་པའི་ལོ་༣༤་རིང་ལ་དམའ་འབྲིང་དུ་སློབ་ཕྲུག་༥༣༠༠༠་དང་། མཐོ་འབྲིང་དུ་༤༢༠༠༠་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་སློབ་ཕྲུག་༡༡༠༠༠་ཡོད། སློབ་ཆེན་ཁག་ཏུ་༣༥༠༠༠་བཅས་ཁྱོན་སློབ་ཕྲུག་༡༤༡༩༠༠་བསྡུས་ཡོད་ཅེས་བཀོད། སློབ་ཕྲུག་དེ་རྣམས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཅིག་པུ་ནས་བསྡུ་བཞིན་ཡོད་ཅིང་། དབྱེ་ཞིབ་པ་ཁག་ཅིག་གིས་འདི་ལྟར་བོད་ཀྱི་སློབ་ཕྲུག་དང་ཞིན་ཅང་གི་ཡུ་གུར་བའི་སློབ་ཕྲུག་མང་པོར་རྒྱ་ནག་ནང་ལོགས་སུ་སློབ་སྦྱོང་བྱེད་དུ་འཇུག་བཞིན་པ་ནི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་ཤིག་ཡིན་པའི་ངོས་འཛིན་བྱེད་བཞིན་པ་རེད།

༥ ཨ་རི་དང་རྒྱ་ནག་གི་ཚོང་ལས་ལ་གནས་ཚུལ་གསར་པ་ཞིག་བྱུང་ཡོད་པ་ནི་རྒྱ་ནག་གཞུང་གིས་ཨ་རི་ནས་རྒྱ་ནག་ལ་ནང་འདྲེན་བྱེད་བཞིན་པའི་ཨ་སྒོར་དུང་ཕྱུར་བདུན་བརྒྱ་དང་ལྔ་བཅུ་ཐམ་པའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆའི་ལྔ་བཅུ་ཕབ་གཅོག་བྱ་རྒྱུ་ཡིན་ཞེས་ཕྱི་ཚེས་དྲུག་ཉིན་གསལ་བསྒྲགས་སྤེལ་འདུག འདི་ནི་ཉེི་ཆར་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་ལས་གྲོས་མཐུན་རིམ་པ་དང་པོར་མིང་རྟགས་བཀོད་པོའི་ཆ་ཤས་ཤིག་རེད། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་ཀྱིས་རྒྱ་ནག་གི་ཁྲོམ་རར་བརྡབ་གསིག་ཆེན་པོ་ཕོག རྒྱ་ནག་གི་སྒོ་ཁྲལ་དོ་དམ་ལྷན་ཁང་གིས་མུ་མཐུད་དུ་ཨ་རི་དང་རྒྱ་ནག་གི་ཉོ་ཚོང་གྲོས་མཐུན་རིམ་པ་དང་པོའི་འབྲུ་དོན་ཁག་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་འདུག

༦ ཡང་ཁ་སང་སྤྱི་ཚེས་༥་ཉིན་ཨ་རིའི་ཧོ་ལི་ཝུ་ཌིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཁིར་ཁི་ཌོག་གྷི་ལ་སི་ལོ་ན་༡༠༣་གྱི་སྟེང་དུ་འདས་གྲོངས་སུ་གྱུར། ཁོ་པ་འཚོ་གནས་དུས་སུ་སི་པ་ཊ་ཁར་སི་སོགས་རྒྱལ་སྤྱིའི་སྟེང་དུ་མིང་གྲགས་ཆེན་པོ་ཡོད་པའི་གློག་བརྙན་ཁག་ཅིག་གི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་བྱས་མྱོང་ཡོད་ཅིང་། ཁིར་ཁི་ཌོག་གྷི་ལ་སི་ལ་སྔ་རྗེས་སུ་རྒྱལ་སྤྱིའི་ཨོ་སི་ཁཱར་གློག་བརྙན་བྱ་དགའ་ཐེངས་གསུམ་ཐོབ། ཁོ་པར་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དྲུག་ལོར་མི་ཚེའི་ཧྲིལ་པོའི་མཛད་རྗེས་ཀྱི་ཨོ་སི་ཁཱར་གཟེངས་རྟགས་ཐོབ་ཡོད་པར་མ་ཟད། ཁོང་གིས་ཁྱོན་བསྡོམས་ལོ་དྲུག་བཅུའི་རིང་ལ་གློག་བརྙན་༩༠་ཐམ་པའི་འཁྲབ་སྟོན་པའི་གྲས་སུ་མཉམ་ཞུགས་བྱས་ཡོད་པ་རེད།

XS
SM
MD
LG