ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༡༡/༢༨

རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཅིག་ལ་ཁྲིམས་ཐག་བཅད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་དབུས་ཉེན་རྟོག་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པ་ཟུར་པ་དང་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཟུར་པ་མེན་ཧོང་ཝེ་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ནས་ལོ་༡༣་དང་ཕྱེད་ཀའི་རིང་བཙོན་འཇུག་བྱ་དགོས་པའི་ཁྲིམས་ཐག་དང་། ཁོ་པས་རྒྱ་སྒོར་ས་ཡ་གཉིས་ཀྱི་གུན་གསབ་སྤྲོད་དགོས་པའི་ཉེས་ཆད་བཅད་འདུག དེ་རིང་སྤྱི་ཟླ་དང་པོའི་ཚེས་༢༡་ཉིན་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་མེན་ཧོང་ཝེ་ལ་ཁྲིམས་གཅོད་བྱས་པའི་བཅད་ཁྲ་ཕྱིར་བསྒྲགས་བྱས་འདུག

ཁྲིམས་ཆད་དེའི་ཁོངས་སུ་དོ་བདག་གི་ཆབ་སྲིད་ཁེ་དབང་ཕྱིར་བསྡུ་བྱས་མེད་ཅིང་། ཁོ་པའི་བཟའ་ཟླ་ཀོ་ཀི་དང་བུ་མཚེ་མ་གཉིས་བཅས་བཟའ་མི་གསུམ་གྱིས་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་སྐྱབས་བཅོལ་ཞུས། སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༥་པར་ཧྥ་རན་སིའི་གཞུང་གིས་སྐྱབས་བཅོལ་ཐོབ་ཐང་སྤྲད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་རྣམས་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་སྤེལ་འདུག ཆུང་མ་ཀོ་ཀི་ཡིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་མེང་ཧོང་ཝེ་ལ་སྲུང་སྐྱོབ་མ་བྱས་པར་རྒྱ་ནག་གཞུང་ལ་འཛིན་བཟུང་བྱེད་དུ་བཅུག་པ་རེད། ཁོ་དང་བཟའ་མི་རྣམས་ལ་ལུགས་མཐུན་གྱི་ལྟ་རྟོག་དང་སྲུང་སྐྱོབ་བྱས་མ་སོང་ཞེས་ཁྲིམས་གཏུགས་བྱེད་བཞིན་པ་རེད།

མེང་ཧོང་ཝེས་དེ་སྔོན་སྤྱི་ལོ་༢༠༠༤་ནས་༢༠༡༨་བར་དུ་རྒྱ་ནག་དབུས་ཉེན་རྟོག་ལྷན་ཁང་གི་འགོ་ཁྲིད་གཞོན་པའི་ལས་ཁུར་བཞེས། དེའི་ཞོར་ལ་༢༠༡༣་ནས་རྒྱ་ནག་གི་མཚོ་ཐོག་ཉེན་རྟོག་ལྷན་ཁང་གི་འགོ་ཁྲིད་གཙོ་གཞོན་གཉིས་ཀྱི་གོ་གནས་བཟུང་། སྤྱི་ལོ་༢༠༡༦་ནས་བཟུང་སྟེ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་གྱི་ལས་གནས་གཅིག་ལྕོགས་སུ་ཁུར། སྤྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༩་པའི་ཟླ་མཇུག་ལ་མེང་ཧོང་ཝེ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་ལས་ཁུངས་གཙོ་བོ་ཡོད་སའི་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ནས་རང་ཡུལ་རྒྱ་ནག་ལ་ཕྱིར་ལོག་བྱས་པའི་རྗེས་སུ་བཟའ་མི་དང་ལས་ཁུངས་སོགས་ལ་འབྲེལ་བ་ཆད་ནས་གར་སོང་ཆ་མེད་དུ་གྱུར། ལོ་དེའི་ཕྱི་ཟླ་༡༠་ཚེས་༨་ཉིན་རྒྱ་ནག་སྤྱི་བདེ་ལྷན་ཁང་གིས་མེང་ཧོང་ཝེ་ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་ཏུ་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་བསྒྲགས། སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༥་ཚེས་༡༠་ཉིན་ཁོ་པར་ལྐོག་ས་རུལ་སུངས་ཀྱི་ཉེས་མིང་བཙུགས་ནས་ཁྲིམས་གཏུགས་ཞུ་སྦྱོར་བྱས། ལོ་དེའི་ཕྱི་ཟླ་༦་ནང་དངོས་སུ་ཁྲིམས་ར་ཚོགས་ནས་ཁྲིམས་ཐག་བཅད་ཀྱང་དེ་རིང་གཞི་ནས་བཅད་ཁྲ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

མེང་ཧོང་ཝེ་ལ་ཁྲིམས་ཐག་གཅོད་སའི་རྒྱ་ནག་གི་ཐེན་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོའི་དྲྭ་ངོས་སུ་ཁོ་པར་ཁྲིམས་ཐག་བཅད་པའི་རྒྱུ་མཚན་རྣམས་བཀོད་ཡོད་པ་དེར་སྤྱི་ལོ་༢༠༠༥་ནས་༢༠༡༧་བར་དུ་མེང་ཧོང་ཝེས་རྒྱ་ནག་སྤྱི་བདེ་ལྷན་ཁང་དམར་ཕྱོགས་ཚོགས་པའི་ཚོགས་མི་དང་། སྤྱི་བདེ་ལྷན་ཁང་གི་འགོ་ཁྲིད་གཞོན་པ། རྒྱ་ནག་མཚོ་ཐོག་ཉེན་རྟོག་ལས་ཁང་གི་འགོ་ཁྲིད་བཅས་ཀྱི་ལས་གནས་འཁུར་བཞིན་པའི་སྐབས་སུ་སོ་སོའི་གོ་གནས་བེད་སྤྱོད་བཏང་ནས་བཟོ་ཚོང་ལས་ཁང་ཁག་དང་སྐྱེ་བོ་སྒེར་པའི་ལག་ནས་ལྐོག་རྔན་བླངས། དེ་བཞིན་མི་གཞན་གྱི་གོ་གནས་སྤར་རྒྱུ་སོགས་ཀྱི་ཐད་དུའང་ཁྲིམས་འགལ་གྱིས་ལྐོག་རྔན་ཟོས་པ་རྒྱ་སྒོར་ཁྲི་སྟོང་ཕྲག་གཅིག་དང་བཞི་བརྒྱ་བཞི་བཅུ་ཞེ་དྲུག་ལྷག་འདུག་ཅེས་བཀོད། ཁོ་པར་ཁྲིམས་བཤེར་བྱས་པའི་བརྒྱུད་རིམ་ཁྲོད་དུ་དོ་བདག་གིས་ནག་ཉེས་ཡོད་ཚད་ཁས་ལེན་བྱས་སོང་། ད་ལྟའི་ཁྲིམས་ཁང་གི་བཅད་ཁྲ་ལའང་ཡོངས་སུ་ངོས་ལེན་བྱས་ཡོད་པར་མ་ཟད། ཁོ་པས་མུ་མཐུད་དུ་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུགས་བྱ་རྒྱུ་མིན་པ་བཅས་ཀྱི་གནས་ཚུལ་འཁོད་འདུག

མེང་ཧོང་ཝེ་ལ་ཁྲིམས་ཐག་བཅད་པར་སྲིད་དོན་ཉམས་ཞིབ་པ་ཁག་ཅིག་གིས་དེ་ནི་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གི་ཀྲུག་ཡུང་ཁང་གི་ཤོག་ཁག་རྩ་མེད་གཏོང་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ཅིང་། དེ་སྔོན་ཀྲུག་ཡུང་ཁང་གིས་རྒྱ་ནག་དབུས་ཉེན་རྟོག་ལྷན་ཁང་གི་འགོ་ཁྲིད་ཀྱི་གོ་གནས་བཟུང་བའི་སྐབས་སུ་མེང་ཧོང་ཝེས་སྡེ་ཚན་གཅིག་གི་ཁོངས་སུ་ལས་དོན་བསྒྲུབས་མྱོང་། ཕྱིས་སུ་ཀྲུག་ཡུང་ཁང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་རྗེས་སུ་མེང་ཧོང་ཝེ་ཡང་ཀྲུག་ཡུང་ཁང་གི་ཕྱོགས་གཏོགས་སུ་བརྩིས་ནས་རྩ་མེད་བཟོས་པ་རེད་ཅེས་ངོས་འཛིན་བྱེད་མཁན་ཡོད་པ་སྟེ། སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༣་པའི་ཚེས་༢༧་ཉིན་རྒྱ་ནག་དབུས་ཉེན་རྟོག་ལྷན་ཁང་གི་འགོ་ཁྲིད་ཀྲོ་ཁི་ཀྲིས་མེང་ཧོང་ཝེ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་གཏོང་རྒྱུའི་ཚོགས་འདུ་བསྐོངས། དེའི་སྐབས་སུ་ཀྲུག་ཡུང་ཁང་དང་མེང་ཧོང་ཝེའི་གནོད་སྐྱོན་དང་དུག་སྐྱོན་གྱི་ལྷག་མ་རྣམས་མེད་པར་བཟོ་དགོས་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།

XS
SM
MD
LG