ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མཱེ་རི་ལན་ཌི་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་སྒོ་བརྒྱབ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་མཱེ་རི་ལན་ཌི་སློབ་གྲྭ་ཆེན་མོར་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཞིག་བཙུགས་ཡོད་པ་སྒོ་རྒྱག་རྒྱུའི་གནས་ཚུལ་ཞིག་ཐེ་ཝན་གྱི་དབུས་གསར་འགྱུར་ཁང་སོགས་ཀྱིས་སྤེལ་འདུག ཨ་རིའི་མཱེ་རི་ལན་ཌི་སློབ་གྲྭ་ཆེན་མོར་༢༠༠༤་ལོར་ཁུང་ཙིའི་སློབ་གླིང་ཞིག་བཙུགས། འདི་ནི་ཨ་རིའི་རྒྱལ་ཁབ་ཏུ་ཡོད་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཆེས་སྔ་ཤོས་དེ་ཡིན་རུང་། ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་༡༧་ཉིན་སློབ་ཆེན་དེས་ང་ཚོས་ཡུན་རིང་མི་འགོར་པར་ཁུང་ཙིའི་སློབ་གླིང་འདི་སྒོ་རྒྱག་རྒྱུ་ཡིན་ཞེས་བསྒྲགས། མཱེ་རི་ལན་ཌི་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་དེ་འདི་ལྟར་སྒོ་རྒྱག་དགོས་པའི་རྒྱུ་མཚན་ནི་ཨ་རིའི་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་གིས་ཐག་གཅོད་བྱས་པ་ཞིག་རེད་འདུག

ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ལོ་༢༠༡༩་ལོའི་རྒྱལ་སྲུང་ལས་དོན་གཏན་འབེབས་བྱས་པའི་ཁྲིམས་སྲོལ་ནང་དུ་ཨ་རིའི་སློབ་ཆེན་ཁག་ལ་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་ཁུང་ཙིའི་སློབ་གླིང་འཛུགས་ཀྱི་ཡོད་ཅིང་། དེར་བརྟེན་རྒྱ་ནག་ལ་མཉམ་འབྲེལ་ཡོད་པའི་ཨ་རིའི་སློབ་ཆེན་ཁག་གི་ཚན་པ་དེ་ཚོར་ཨ་རིའི་དབུས་གཞུང་གིས་རོགས་དངུལ་སྤྲོད་མི་ཆོག་ཅེས་གཏན་འབེབས་བྱུང་། རྒྱ་ནག་གི་ཁུང་ཙིའི་སློབ་གླིང་སྤྱི་ཁྱབ་འགན་འཛིན་ལས་ཁུངས་གིས་འདིའི་ཐད་ལ་གསལ་བསྒྲགས་སྤེལ་ཏེ་མཱེ་རི་ལན་ཌི་སློབ་ཆེན་གྱིས་ཁུང་ཙིའི་སློབ་གླིང་སྒོ་བརྒྱབ་པར་བློ་ཕམ་ཆེན་པོ་ཡོད། ང་ཚོ་རྒྱལ་ཁབ་གཉིས་ཀྱི་སྤྱིར་བཏང་གི་སློབ་གསོའི་ལས་དོན་མཉམ་འབྲེལ་བྱེད་བཞིན་པ་ཨ་རིའི་ཕྱོགས་ནས་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་བསྒྱུར་པ་ནི་ལུགས་མཐུན་ཞིག་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག མ་འོངས་པར་ཁུང་ཙིའི་སློབ་གླིང་དང་འབྲེལ་བའི་ལས་དོན་ཐག་གཅོད་བྱེད་སྐབས་དངོས་ཡོད་གནས་སྟངས་ལ་གཞིགས་ནས་ཐག་གཅོད་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག་པར་མ་ཟད། སློབ་གླིང་གི་ཁེ་ཕན་དང་ཐོབ་ཐང་ལ་སྲུང་སྐྱོབ་བྱ་ཆེད་རྒྱ་ནག་གིས་ཀྱང་དེ་ལུགས་ཀྱི་ལས་དོན་བསྒྲུབ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

ཨ་རིའི་མཱེ་རི་ལན་ཌི་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་ནི་སློབ་ཆེན་འདི་དང་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་གྱི་ནན་ཁེ་སློབ་གྲྭ་ཆེན་མོ་གཉིས་ཀྱིས་སྤྱི་ལོ་༢༠༠༤་ལོའི་ཟླ་བ་༡༡་པའི་ཚེས་༡༧་ཉིན་གྲོས་མཐུན་བཞག་ནས་བཙུགས། སྤྱི་ལོ་༢༠༠༥་ལོའི་ཟླ་བ་༣་པའི་ཚེས་༨་ནས་བཟུང་སྟེ་དངོས་སུ་སློབ་གླིང་འདིར་སློབ་ཕྲུག་བསྡུས་ནས་སློབ་ཁྲིད་བྱེད་མགོ་བརྩམས། རྒྱ་ནག་གི་པེ་ཏུའུ་དྲྭ་ལམ་དུ་ངོ་སྤྲོད་བྱས་པ་ལྟར་ན་ཁུང་ཙིའི་སློབ་གླིང་འདིར་ལས་བྱེད་པ་༡༡་དང་རྒྱ་ཁྱོན་སྨི་ཊར་གྲུ་བཞི་མ་༡༥༠་ཅན་གྱི་ལས་ཁུངས་ཤིག་དང་སློབ་གྲྭའི་དཔེ་མཛོད་ཁང་། བརྟག་དཔྱད་ཁང་དང་ཚོགས་ཁང་། སློབ་ཁང་བཅས་སུའང་ཁུང་ཙིའི་སློབ་གླིང་གི་ལས་རིམ་ཁག་སྒྲུབ་བཞིན་ཡོད་ཅིང་། ལས་རིམ་གཙོ་བོ་ཁག་ནི་རྒྱ་ཡིག་དང་རྒྱ་ནག་ནི་རིག་གནས་སློབ་ཁྲིད། རྒྱ་ཡིག་གི་དགེ་རྒན་སྐྱེད་སྲིང་བྱ་རྒྱུ་སོགས་རྣམ་པ་འདྲ་མིན་གྱི་རིག་གནས་བྱེད་སྒོ་ཁག་སྤེལ་ནས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཨ་རིར་ཁྱབ་སྤེལ་བྱ་རྒྱུ། ཨ་རི་དང་རྒྱ་ནག་གི་མི་དམངས་བར་དུ་འབྲེལ་བ་འཛུགས་རྒྱུ། ཕན་ཚུན་རྒྱུས་ལོན་བྱ་རྒྱུ་བཅས་ཁུང་ཙིའི་སློབ་གླིང་འདི་འཛམ་གླིང་གི་མི་མང་པོ་ཞིག་གིས་ཨ་རི་དང་རྒྱ་ནག་གི་རིག་གནས་མཉམ་སྤྱོད་བྱ་སའི་བསྟི་གནས་ཞིག་ཆགས་ཐུབ་རྒྱུའི་དམིགས་ཡུལ་ཡོད་ཅེས་བཀྲལ།

རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཞེས་པ་ནི་ཐོག་མར་སྤྱི་ལོི་༢༠༠༤་ལོར་བཙུགས། སློབ་གླིང་འདིའི་ལས་ཁུངས་གཙོ་བོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད། ལས་ཁུངས་འདིའི་འགན་དབང་གཙོ་བོ་རྒྱ་ནག་གི་རྒྱའི་སྐད་ཡིག་རྒྱལ་སྤྱིའི་ཐོག་ཏུ་དར་སྤེལ་གཏོང་མཁན་གྱི་འགོ་ཁྲིད་ལྷན་ཚོགས་གཞུང་ལས་ཁང་ཞེས་པར་གཏོགས། འདི་ནི་རྒྱ་ནག་དབུས་གཞུང་སློབ་གསོ་ལས་ཁུངས་ཀྱི་ཁོངས་གཏོགས་ཀྱི་སྡེ་ཚན་ཞིག་དང་འཛམ་གླིང་ས་ཆ་གང་སར་བཙུགས་ཡོད་པའི་རྒྱ་ནག་གི་རིག་གནས་སྡེ་ཚན་ཞིག་ཡིན། སྤྱི་ལོ་༢༠༡༨་ལོའི་ཟླ་བ་༡༢་པ་བར་དུ་རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་ཁབ་༡༥༤་ཡི་ནང་དུ་ཁུང་ཙིའི་སློབ་གླིང་ལྔ་༥༤༨་བཙུགས། སློབ་གླིང་འདི་དག་ལ་ཞུགས་མྱོང་མཁན་གྱི་སློབ་ཕྲུག་གི་གྲངས་འབོར་ཁྲི་བརྒྱ་དང་བརྒྱད་ཅུ་གྱ་བདུན་ཟིན། སློབ་གླིང་ཞིག་འཛུགས་རྒྱུར་རྒྱ་ནག་གཞུང་གིས་ལོ་རེར་ཨ་སྒོར་ཁྲི་༡༠་རེ་རོགས་རམ་སྤྲད་ནས་ལོ་ལྔར་ཁྱོན་བསྡོམས་ཨ་སྒོར་ཁྲི་༥༠་རེ་སྤྲོད་བཞིན་ཡོད་ཅིང་། དེའི་རྗེས་སུ་སློབ་གླིང་དེས་རང་ཁ་རང་གསོི་བྱ་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རྒྱ་ནག་གཞུང་གིས་གསལ་བཤད་བྱས་འདུག

འོན་ཀྱང་སྤྱི་ལོ་༢༠༡༨་ལོར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་གླིང་འདི་དག་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཁག་ལ་གསང་ཉུལ་བཏང་ནས་ལས་དོན་བསྒྲུབ་ཏུ་འཇུག་གི་ཡོད་པ་སོགས་ཀྱི་གླེང་སློང་བྱུང་བར་བརྟེན། ད་སྔ་ཨ་རིའི་སློབ་ཆེན་ཁག་ཏུ་ཚུགས་ཟིན་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་བཅུ་གྲངས་ཤིག་སྒོ་བརྒྱབ། དེ་བཞིན་ཨོ་གླིང་རྒྱལ་ཁབ་སོགས་རྒྱལ་ཁབ་གཞན་ཁག་གིས་ཀྱང་རང་རང་གི་བདེ་འཇགས་དོན་དུ་ཁུང་ཙིའི་སློབ་གླིང་མི་ཉུང་བ་ཞིག་སྒོ་རྒྱག་བཞིན་པ་རེད།

XS
SM
MD
LG