ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་བཟོ་ཚོང་ལས་ཁང་དག་ལ་ཉེན་བརྡ་བཏང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མའིག་ པམ་པེའི་ཡིས་ཨ་རིའི་བཟོ་ཚོང་ལས་ཁང་ཚོས་རྒྱ་ནག་དང་མཉམ་འབྲེལ་བྱས་ནས་ཚོང་ལས་གཉེར་སྐབས། ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་གནོད་ཅི་ཞིག་འབྱུང་གི་ཡོད་མེད་མཉམ་འཇོག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ཨ་རི་རང་གི་རིན་ཐང་ལྟ་ཚུལ་བློས་གཏོང་བྱེད་མི་ཉན་ཞེས་གསུངས་འདུག དེ་ནི་མའིག་ པམ་པེའོས་མད་ཁི་ཕིན་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཁེལ་ཧྥོར་ཉིས་ཡ་མངའ་སྡེར་ཡོད་པའི་སྰི་ལི་ཁིན་ཝེ་ལི་ཞེས་པའི་དྲ་རྒྱའི་ལས་གྲ་མང་བའི་བཟོ་ཚོང་ཁང་དུ་ཚན་རྩལ་གྱིས་ངོས་ནས་རྒྱ་ནག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་གནོད་ཅི་ཞིག་འབྱུང་མིན་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་པ་ཞིག་ཡིན་པ་དང་། ཁོང་གིས་སྐབས་དེར་འཛོམས་ཡོད་པའི་ཨ་རིའི་གྲོང་ཁྱེར་དེའི་བཟོ་ཚོང་ཁང་གི་མགོ་ཁྲིད་ལྷན་ཚོགས་ལ་རྒྱ་ནག་ལ་མཚོན་ན་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཀྱི་འོག་ཏུ་རང་དབང་ཅན་གྱི་ཁྲོམ་རའི་དཔལ་འབྱོར་ལ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། ཨ་རིའི་རིག་གནས་ཀྱི་བདག་དབང་བརྐུ་འཁྱེར་བྱེད་ཀྱི་འདུག་ཅེས་དང་། ང་ཚོའི་མ་རྩ་རིང་ལུགས་ཀྱི་རང་དབང་ཅན་གྱི་ཁྲོམ་རའི་དཔལ་འབྱོར་དར་སྤེལ་གཏོང་རྒྱུའི་ལྟ་གྲུབ་ཀྱི་འོག་ཏུ། དེ་སྔ་འཛམ་གླིང་སྟེང་དུ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་དང་རྒྱུ་ནོར་སྐྲུན་ཡོད་ལ། དེ་བཞིན་ཚན་རིག་ལག་རྩལ་ཡར་རྒྱས་གཏོང་རྒྱུའི་ཐད་ནས་ཀྱང་ནུས་པ་ཆེན་པོ་བཏོན་ཡོད། ཚང་མས་ཤེས་གསལ་ལྟར་ང་ཚོས་མུ་མཐུད་ནས་འདི་ལྟར་སྒྲུབ་དགོས་ལ། དེ་སྔ་འཛམ་གླིང་ཡོངས་སུ་ཞིབ་འཇུག་བྱས་ཚེ་འཛམ་གླིང་གི་ཚན་རྩལ་གྱི་རིགས་མང་པོ་ཞིག་ཨ་རི་ནས་མགོ་ཚུགས་ཤིང་འཕེལ་རྒྱས་བཏང་བ་ཞིག་རེད། ད་ལྟ་ཨ་རིའི་བཟོ་ཚོང་ཁང་མང་པོས་འདི་ལྟ་བུའི་རང་དབང་གི་མཐུན་རྐྱེན་མེད་པའི་ཁོར་ཡུག་ཏུའང་ཚོང་ལས་གཉེར་བཞིན་ཡོད་ལ། ཁྱད་པར་དུ་རྒྱ་ནག་ལ་མཚོན་ན་དམིགས་བསལ་གྱིས་ང་ཚོའི་ཚོང་ལས་ཀྱི་ངོས་ནས་ཁ་གཏད་གཅོག་མཁན་ཞིག་ཆགས་ཡོད་ཅིང་། འདིའི་ངོས་ནས་ཐོག་མར་ཆ་རྒྱུས་ལེན་མཁན་ནི་ཁྱེད་ཚོ་ཡིན་པས། ང་ཚོའི་ངོས་ནས་ཁྱེད་ཚོའི་བསམ་ཚུལ་ཤེས་འདོད་ཡོད་ལ། མ་འོངས་པར་རྒྱ་ནག་ཏུ་ཡོད་པའི་ང་ཚོའི་བཟོ་ཚོང་ཁང་རྣམས་ལ་དྲ་ཇག་གིས་གནོད་པ་བཟོ་སྲིད་ལ། དེ་མིན་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱེད་བཞིན་པའི་བཟོ་ཚོང་ཁང་དག་གིས་ཁྱོད་ཚོའི་ཁེ་ཕན་ལ་གནོད་པ་གཏོང་སྲིད། དེ་བཞིན་རྒྱ་ནག་གི་བཟོ་ཚོང་ཁང་རྣམས་ཀྱིས་ཁྱེད་ཚོའི་ཚོང་རྫས་ཐོན་སྐྱེད་བྱེད་སྟངས་ཀྱི་ཐབས་ལམ་དག་གཡོ་ལེན་ཀྱང་བྱེད་ངེས་པ་བཅས་ཀྱི་ཉེན་ཁ་ཧ་ཅང་ཆེ་ལ། རྒྱ་ནག་ལ་མཚོན་ན་རྒྱལ་ཁབ་གཞན་གྱི་ཚོང་ལས་ཐོན་སྐྱེད་སོགས་ཀྱི་ཐད་ནས་རིག་གནས་ཀྱི་བདག་དབང་བརྐུ་འཕྲོག་བྱེད་རྒྱུ་ཧ་ཅང་ཚབས་ཆེན་ཡིན་པས། གནད་དོན་འདི་ནི་བཟོ་ཚོང་ལས་ཁང་ཁག་ཅིག་ལ་གནོད་སྐྱོན་བཟོས་པའི་ཤུགས་རྐྱེན་གཅིག་པོ་མ་ཡིན་པས། ཨ་རིའི་ངོས་ནས་མ་རྩ་གཏོང་རྒྱུ་དང་། ལས་སྒོ་གསར་བ་འབྱེད་རྒྱུ། རིག་གནས་ཀྱི་བདག་དབང་འདི་དག་ལ་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་ཐད་ནུས་ཤུགས་འདོན་རྒྱུ་ནི་ཨ་རི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཀྱི་ནུས་པ་ཐོན་པའི་དཔལ་འབྱོར་གྱི་རྟེན་ས་གཙོ་བོ་ཞིག་རེད་ཅེས་དང་། ཁོང་གིས་ཨ་རིའི་ཚན་རྩལ་བཟོ་ཚོང་ཁང་དག་གིས་རྒྱ་ནག་གཞུང་གིས་དམག་ཤུགས་རྒྱ་བསྐྱེད་དང་ཆབ་སྲིད་དྲག་གནོན་བྱེད་རྒྱུར་དེ་བས་མཐུན་འགྱུར་རོགས་རམ་བྱེད་མི་ཉན་པའི་ཉེན་བརྡ་བཏང་འདུག་སྟེ། རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིན་གྱིས་མགོ་ཁྲིད་ནས་རྒྱ་ནག་དམར་ཤོག་ཚོགས་པས་དམངས་དམག་མཉམ་འབྲེལ་བྱེད་རྒྱུའི་འཆར་གཞི་བཏོན་ནས་རྒྱ་ནག་གི་ཁྲིམས་ལྟར། རྒྱ་ནག་གི་བཟོ་ཚོང་ཁང་དང་ཞིབ་འཇུག་མི་སྣ་སོགས་ནས་ངེས་པར་དུ་རྒྱ་ནག་གི་དམག་སྡེ་ལ་དགོས་མཁོ་ཡོད་པའི་རྒྱུ་ཆ་འདོན་སྤྲོད་དང་ལག་རྩལ་མཉམ་སྤྱོད་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད་ཅིང་། དེ་ལྟར་ངོས་ལེན་མ་བྱས་པ་ཡིན་ན་ཁྲིམས་ལྟར་ཉེས་ཆད་གཅོད་ཀྱི་ཡོད་པ་དང་། འདིའི་དམིགས་ཡུལ་ཡང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ནུས་ཤུགས་གཅིག་སྡུད་ཡོང་བའི་ཆེད་ཡིན་ལ། དེ་ཡང་རྒྱ་ནག་གི་དམག་སྡེའི་འགན་འཁུར་གཙོ་བོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཞིང་། འདི་ནི་དམག་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་ཀྱི་ནུས་པ་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་པ་དང་། དྲག་གནོན་གྱི་ཤུགས་ཆེ་ས་ནས་ཆེ་རུ་འགྲོ་བཞིན་པའི་རྒྱུ་མཚན་གཙོ་བོ་དེ་ཡང་རེད། དེ་བས་འདི་ནི་ཨ་རིའི་གུ་ཡངས་ཅན་གྱི་ལྟ་སྟངས་ལས་ལྡོག་པ་རེད་ཅེས་གསུངས་འདུག

XS
SM
MD
LG