ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་མི་རིགས་མཐུན་བསྒྲིལ་ཡར་སྐུལ་དཔེ་བཟང་སྲོལ་ཡིག་གཏན་འབེབས་བྱས།


༄༅། ། རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཨང་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟེར་བའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་དཔེ་བཟང་ཁུལ་འཛུགས་སྐྲུན་སྲོལ་ཡིག་ཅེས་པའི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག

གཞུང་འབྲེལ་དྲ་རྒྱ་དེས་སྤེལ་བའི་གནས་ཚུལ་ནང་། ད་ལན་བོད་རང་སྐྱོང་ལྗོངས་དམངས་འཐུས་ནས་གཏན་འབེབས་བྱས་པའི་སྲོལ་ཡིག་དེ་ནི། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བའི་མཛུབ་སྟོན་འོག གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་རྩ་འཛུགས། དེ་བཞིན་སྤྱི་དམངས་དང་མི་སྒེར་བཅས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྐུལ་འདེད་བཏང་ཡོད་སྐོར་དང་། སྲོལ་ཡིག་དེ་ཉིད་སྤྱིའི་རྩ་དོན་དང་། ལས་ཀའི་འགན་འཁྲི། སྤྱི་ཚོགས་མཉམ་སྒྲུབ། དྲིལ་བསྒྲགས་སློབ་གསོ། གཟེངས་བསྟོད་ཕུལ་བ། རྩ་འཛུགས་ཀྱི་འགན་ལེན། ཁྲིམས་ལུགས་ཀྱི་འགན་འཁྲི། ཞར་བྱུང་བཅས་ལེའུ་ཆེན་པོ་བརྒྱད་དང་། དེར་ཡང་ནང་གསེས་དོན་ཚན་ ༤༨ ཀྱིས་གྲུབ་ཡོད་པ་དང་། མིག་སྔར་དོན་ཚན་ཁ་ཤས་ཤིག་ལས་ཆ་ཚང་ཞིག་བརྒྱུད་ལམ་ཁག་ཏུ་བཀོད་མེད་པ་རེད།

དེ་ཡང་ཀྲུང་གོའི་ཁྲིམས་ལུགས་ཞེས་པའི་རྒྱ་ནག་གི་དྲ་རྒྱའི་ཐོག་བཀོད་པ་ལྟར་ན། ཐེངས་འདིའི་ཁྲིམས་སྲོལ་དེའི་ནང་བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཚང་མའི་སྲོག་རྩ་ཡིན། རྒྱ་ནག་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོར་དང་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ནི་མི་རིགས་ཚང་མའི་འོས་འགན་ཡིན་ཞེས་བཀོད་ཡོད།

སྲོལ་ཡིག་དོན་ཚན་བདུན་པའི་ནང་བཀོད་གསལ། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་དཔེ་བཟང་ཁུལ་འཛུགས་སྐྲུན་བྱེད་པ་དེ་རྒྱ་ནག་དམར་ཕྱོགས་ཚོགས་པས་གཅིག་གྱུར་གྱི་འགོ་ཁྲིད་འོག་དང་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ལྟ་སྐུལ། རྒྱ་ནག་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི། སྤྱི་ཚཽགས་སྡེ་ཁག་ཡོངས་ཀྱིས་མཉམ་བཞུགས་བྱས་པར་བརྟེན་ནས་བསྒྲུབ་དགོས་པ་ཞིག་རེད་ཅེས་བཀོད་འདུག དེ་བཞིན་དོན་ཚན་བཅུ་གཅིག་གི་ནང་བཀོད་གསལ། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ལ་གེ་སར་རིག་གནས་དང་བོད་ཀྱི་ཟློས་གར། ཐང་ག བོད་སྨན་སོགས་ཀྱི་འཕེལ་རྒྱས་གཏོང་བར་བསྐུལ་འདེད་བྱ་དགོས་ཞེས་བཀོད་འདུག

དེ་ཡང་ཀྲུང་གོ་བོད་ལྗོངས་མི་དམངས་ཀྱི་དྲ་རྒྱ་ལས། སྲོལ་ཡིག་དོན་ཚན་སུམ་ཅུ་སོ་དྲུག་གི་ནང་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་དཔེ་བཟང་ཁུལ་འཛུགས་སྐྲུན་ཚོགས་པ་ཁག་ནི་བོད་རང་སྐྱོང་ཁུལ་གྱི་རྒྱ་ནག་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་དང་གོ་སྒྲིག་འོག་ལས་དོན་ཁག་བསྒྲུབ་དགོས་པ་རེད་ཅེས་བཀོད་ཡོད་པ་དང་གཞན་ཡང་དོན་ཚན་སུམ་ཅུ་སོ་བཞིའི་ནང་བཀོད་གསལ། གལ་སྲིད་ལས་དོན་ཁྲོད་དུ་ཚོགས་པ་དང་མི་སྒེར་སུ་ཡིན་རུང་དམིགས་བསལ་གྱིས་སྤྱི་ཚོགས་བདེ་འཇགས་སོགས་ལ་བྱས་རྗེས་བཞག་ཐུབ་པ་ཡིན་ན་བྱ་དགའ་དང་དམིགས་བསལ་ལྟ་སྐྱོང་ཡོད་པ་སོགས་ཀྱང་བཀོད་འདུག གོང་བཀོད་ཀྱི་དྲ་རྒྱ་ལས་སྤྱི་ཚོགས་མཉམ་སྒྲུབ་ཞེས་པའི་དོན་ཚན་དེ་ནི་ཁྱོན་ཡོངས་ལེའུ་བརྒྱད་ཀྱི་ནང་གི་ལེའུ་གཅིག་ཏུ་དམིགས་བསལ་བགོས་ནས་ནན་བརྗོད་བྱས་ཡོད། ལེའུ་དེའི་ནང་དུ་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་དཔེ་བཟང་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྤྱི་ཚོགས་ཚོགས་པ་ཁག་དང་སློབ་གསོ་ཞིབ་འཇུག་སྡེ་ཁག། ལྷག་པར་ཏུ་ཆོས་ལུགས་ཚོགས་པ་ཁག་དང་ཆོས་ལུགས་ཉམས་ཞིབ་ཁང་། དེ་མིན་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་ཁག་ནས་དེར་མཉམ་བཞུགས་ཀྱིས་ཐོག་ནས་སྣེ་ཁྲིད་དགོས་པ་དང་། གཞི་རིམ་མང་ཚོགས་ཀྱི་རྩ་འཛུགས་དང་ཐ་ན་ཁྱིམ་ཚང་རེ་རེའི་ནང་དུའང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་འཛུགས་སྐྲུན་བྱ་དགོས་པ་སོགས་བཀོད་འདུག

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེའི་དྲུང་ཆེ་གཞོན་པ་ཀྲུའུ་ཡིག་ཧྥུན་གྱིས་རྒྱ་ནག་གསར་འགོད་པ་ཞིག་ལ་བརྗོད་གསལ། སྲོལ་ཡིག་དེ་ནི་བོད་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ལས་དོན་ལས་བྱུང་བའི་གྲུས་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ལ་ད་ནི་ས་གནས་རང་བཞིན་གྱི་བཅའ་ཁྲིམས་ལ་གཏན་འབེབས་བྱས་ནས་སྤྱི་ཚོགས་ཕྱོགས་ཡོངས་ཀྱིས་བརྩི་སྲུང་བྱ་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཆགས་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་བློ་བཟང་རྒྱལ་མཚན་གྱིས་མཇུག་སྒྲིལ་ཚོགས་འདུ་གཙོ་སྐྱོང་སྐབས་ལ་བརྗོད་གསལ། ང་ཚོས་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་སྐྲུན་སྲོལ་ཡིག་ལ་སློབ་སྦྱོང་གཏིང་ཟབ་དང་། དྲིལ་བསྒྲགས་རྒྱ་ཁྱབ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བརྒྱུད། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་དང་། སྤྱི་ཚོགས་ཀྱི་རྨང་གཞི། ཁྲིམས་སྐྱོང་གི་རྨང་གཞི་བཅས་སྔར་བས་བརྟན་དུ་བཏང་སྟེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་འཛད་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་འབོད་སྐུལ་བྱས་འདུག

སྤྱིར་འདས་པའི་ལོ་ཁ་ཤས་ཀྱི་ནང་ལ་རྒྱ་ནག་དམར་ཕྱོགས་ཀྱི་ས་གནས་ཁ་ཤས་ལ་མི་རིགས་མཐུན་སྒྲིལ་གྱི་སྲོལ་ཡིག་ལག་བསྟར་བྱས་ཡོད་ཀྱང་། ས་གནས་སོ་སོའི་དམིགས་ཀྱི་གནས་སྟངས་ལ་དམིགས་ནས་སྲོལ་ཡིག་གི་ནང་དོན་གྱི་ཆ་ལ་ཡང་ཁྱད་པ་ཆེན་པོ་ཡོད་པ་ཞིག་རེད།་ཡིན་ནའང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༩ ཉིན་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་སྐབས་ ༡༢ པའི་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༢༠ པའི་ཐོག་གཏན་འབེབ་བྱས་པའི་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་སློབ་གསོའི་སྲོལ་ཡིག་ཅེས་པ་དེ་ནི་ད་ལན་བོད་རང་སྐྱོང་ལྗོངས་ནང་དུ་གཏན་འབེབས་བྱས་པའི་སྲོལ་ཡིག་འདི་དང་ཤིན་ཏུ་ཆ་འདྲ་བ་ཞིག་རེད། ༢༠༡༥ ལོར་ཤིན་ཅང་དུ་སྤེལ་བའི་སྲོལ་ཡིག་ནང་དུ་ཡང་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་མང་གི་ཚེ་སྲོག་ཡིན་ལ། རྒྱ་མི་རིགས་ནམ་ཡང་གྲངས་ཉུང་མི་རིགས་དག་དང་ཁ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་དག་ཀྱང་རྒྱ་མི་རིགས་དང་ཁ་འབྲལ་ཐབས་མེད། དེ་བཞིན་གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་འབྲལ་ཐབས་མེད་སྐོར་དང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་སློབ་མའི་ཞབས་ཞུ་དོ་དམ་ཁང་དང་ལས་ཁུངས་ཁག་གིས་ཕྱི་རྒྱལ་དུ་ཡོད་པའི་ཤིན་ཅང་གི་སློབ་མ་དང་མི་མང་ཚོར་འབྲེལ་ལམ་རྒྱ་སྐྱེད་དེ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དགོས། གལ་སྲིད་ལས་དོན་ཁྲོད་དུ་ཚོགས་པ་དང་མི་སྒེར་སུ་ཡིན་རུང་དམིགས་བསལ་གྱིས་སྤྱི་ཚོགས་བདེ་འཇགས་སོགས་ལ་བྱས་རྗེས་བཞག་ཐུབ་པ་ཡིན་ན་བྱ་དགའ་དང་དམིགས་བསལ་ལྟ་སྐྱོང་ཡོད་པ། གཞན་ཤིན་ཅང་མི་རིགས་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་སྲིད་གཞུང་གིས་ལོ་ལྟར་ཕྱི་ཟླ་ལྔ་པ་དེ་མི་རིགས་མཐུན་སྒྲིལ་གྱི་ཟླ་བར་གཏན་འཁེལ་བྱས་པ་སོགས་བཀོད་འདུག

XS
SM
MD
LG