ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུའི་ཉིན་གྱི་རྒྱལ་སྤྱིའི་གསར་འགྱུར་ཕྱོགས་བསྡུས། ༢༠༢༠ ཟླ་ ༡ ཚེས་༩


ཐེ་ཝན་དུ་འོས་བསྡུ་བྱེད་རྒྱུར་ཉིན་གྲངས་གཉིས་ལས་མེད་པའི་སྐབས་འདིར་ཐེ་ཝན་ཕྱི་འབྲེལ་ལྷན་ཁང་གི་མགོ་ཁྲིད་ཝུའུ་ཀྲུའུ་ཞེ་ཡིས་རྒྱ་ནག་གིས་ཐེ་ཝན་གྱི་འོས་བསྡུར་ཇུས་གཏོགས་མང་པོ་མི་བྱེད་རྒྱུའི་འབོད་སྐུལ་ཞུས་འདུག་ཅིང་། རྒྱ་ནག་གིས་ཐེ་ཝན་གྱི་འོས་བསྡུའི་གྲུབ་འབྲས་དེ་རྒྱ་ནག་གི་རྒྱལ་ཕམ་ཆེན་པོ་ཞིག་ལ་བལྟ་བཞིན་པ་ནི་ཐེ་ཝན་གྱི་འོས་བསྡུར་ཐེ་ཇུས་བྱས་པ་ཞིག་དང་། ཐེངས་འདིའི་འོས་བསྡུ་ནི་ཐེ་ཝན་གྱི་འོས་བསྡུ་ཡིན་པ་ལས་རྒྱ་ནག་གི་འོས་བསྡུ་མ་རེད་ཅེས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག

ཟླ་སྔོན་མའི་ནང་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་མིང་འདོགས་ཐུབ་ཀྱི་མེད་པའི་གློ་བའི་འགོས་ནད་གསར་བ་ཞིག་ཁྱབ་སྟེ་ད་ལྟ་ཆེས་མ་མཐའ་ཡང་མི་ལྔ་བཅུ་ལྔ་དགུ་ལ་གློ་ནད་དེ་འགོས་ཁྱབ་བྱུང་ཡོད་ཅིང་། དེའི་གྲས་ཀྱི་མི་བདུན་ལ་བྱུང་བའི་ན་ཚ་དེ་ཧ་ཅང་ཚབས་ཆེན་ཏུ་གྱུར་འདུག ཡིན་ནའང་ད་སྔ་འགོས་ནད་དེས་རྐྱེན་པས་མི་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་བྱུང་མེད་ཅིང་། ཁ་སང་འཛམ་གླིང་འཕྲོད་བསྟེན་སྡེ་ཚན་གྱིས་འདིའི་ཐད་ལ་གསལ་བསྒྲགས་སྤེལ་བའི་ནང་དུ་གློ་བའི་འགོས་ནད་འདི་ནི་འགོས་ནད་ཀྱི་རིགས་གསར་བ་ཞིག་ཡིན་པ་དང་། ནད་འདིའི་འབྱུང་རྐྱེན་ཅི་ཞིག་ཡིན་མིན་དང་ཇི་ལྟར་འགོས་ཁྱབ་བྱུང་བ་སོགས་ལ་མུ་མཐུད་ནས་བརྟག་དཔྱད་ཞིབ་འཇུག་བྱ་དགོས་པ་དང་། ད་སྔ་རྒྱ་ནག་གི་ཞིབ་འཇུག་སྡེ་ཚན་ནས་ཞིབ་འཇུག་བྱས་པ་ལྟར་ན་འགོས་ནད་འདི་ནི་དེ་སྔོན་རྒྱ་ནག་ཏུ་བྱུང་མྱོང་བའི་སཱར་སི་ཞེས་པའི་གློ་ནད་དང་། དཀྱིལ་ཤར་ཡུལ་གྲུའི་ནང་བྱུང་བའི་མཱིར་སི་ཅེས་པའི་གློ་ནད་རིགས་གཉིས་གང་གི་ཁོངས་སུ་ཡང་གཏོགས་ཀྱི་མེད་པ་རེད། ད་ལྟ་གློ་བའི་འགོས་ནད་དེ་ཧོང་ཀོང་དུ་ཁྱབ་ནས་ཧོང་ཀོང་གི་འཕྲོད་བསྟེན་སྡེ་ཚན་སོགས་ནས་དོགས་ཟོན་ཆེན་པོ་བྱེད་བཞིན་པ་དང་། དེ་བཞིན་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནས་ཀྱང་གསལ་བསྒྲགས་སྤེལ་ཏེ་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་མི་རྣམས་སྲོག་ཆགས་ཀྱི་ཉེ་སར་མི་འགྲོ་རྒྱུ་དང་། གློ་བའི་འགོས་ནད་ཕོག་ཡོད་པའི་མིའི་ཉེ་སར་མི་འགྲོ་རྒྱུའི་ཉེན་བརྡ་ཡང་བཏང་འདུག

ཡང་ཧོང་ཀོང་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན་ལི་ཅ་ཀྲོ་ཡིས་ཧོང་ཁོང་གི་ངོ་རྒོལ་ལས་འགུལ་སྤེལ་མཁན་དག་ཕྱིའི་རྒྱལ་ཁབ་ཀྱི་གསབ་སྦྱོང་ལ་མཉམ་ཞུགས་བྱས་འདུག་ཅེས་ཁ་སང་ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་ནས་ཁོ་ལ་དྲི་བ་བཏོན་སྐབས་བཤད་ཡོད་པའི་སྐོར་དེ་རིང་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག་ཅིང་། ལི་ཅ་ཀྲོ་ཡིས་ད་ལྟའི་བར་གྱི་ངོ་རྒོལ་ལས་འགུལ་སྤེལ་ཕྱོགས་དང་། སྒྲིག་འཛུགས་བྱེད་ཕྱོགས་གང་ལ་བལྟས་ཀྱང་སྤྱིར་བཏང་གི་མི་ཕལ་བ་ཁག་ཅིག་མཉམ་དུ་འཛོམས་ནས་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན་པས། ལས་འགུལ་བ་རྣམས་ལ་ཕྱིའི་རྒྱལ་ཁབ་ནས་གསབ་སྦྱོང་ཐོབ་ཡོད་པར་ཡིད་ཆེས་བརྟན་པོ་འདུག་ཅེས་བཤད་འདུག ན་ནིང་སྤྱི་ཟླ་དྲུག་པའི་ནང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་མགོ་བརྩམས་པའི་རྗེས་ལ་ཨ་རི་དང་དབྱིན་ཡུལ་སོགས་ཀྱིས་རྒྱབ་སྐྱོར་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དག་གིས་ཨ་རི་ནི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིར་སྐུལ་སློང་བྱེད་མཁན་རེད་ཅེས་སྐྱོན་བརྗོད་ཀྱང་བྱེད་བཞིན་པ་རེད། གཞན་ཧོང་ཀོང་བདེ་སྲུང་ལྷན་ཁང་གི་འགན་འཛིན་ནས་ན་ནིང་སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚེས་དགུ་ནས་ད་ལོ་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་བར་དུ་ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་བ་དྲུག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གསུམ་འཛིན་བཟུང་བྱས་ཟིན་པ་དང་། ཁོ་ཚོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་ལས་འགུལ་སྤེལ་སྐབས་དྲག་ཤུགས་བཀོལ་བ་དང་། མེར་བསྒྲོན་པ། མི་ལ་རྨས་སྐྱོན་བཟོས་པ། ཉེན་རྟོག་པར་ངོ་རྒོལ་བྱས་པ་བཅས་ཀྱི་རྒྱུ་མཚན་གྱིས་ཡིན་ཞེས་འགྲེལ་བཤད་བྱས་འདུག་ཅིང་། འཛིན་བཟུང་བྱས་པའི་མི་དེ་དག་གི་གྲས་སུ་མི་༣༣༨ ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་གློད་གྲོལ་བཏང་ཡོད་པ་དང་། མི་༡༠༨༢ ལ་ཁྲིམས་ཀྱི་འགྲོ་ལུགས་ཐག་གཅོད་བྱེད་བཞིན་པ་དང་། དེའི་འཕྲོས་ཀྱི་མི་རྣམས་ཀྱི་གྱོད་དོན་ལ་མུ་མཐུད་ནས་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་གསལ་བཤད་བྱས་འདུག

ཡོ་རོབ་དབྱིན་ཇིའི་རྒྱལ་ཁབ་ཀྱི་རྒྱལ་བོའི་རྒྱལ་རྒྱུད་ཡིན་པའི་རྒྱལ་སྲས་ཧད་རོས་བཟའ་ཟླ་གཉིས་ནས་ཁ་སང་གཟའ་ལྷག་པའི་ཉིན་གསལ་བསྒྲགས་སྤེལ་ཏེ། མ་འོངས་བར་ཁོ་གཉིས་དབྱིན་ཇིའི་རྒྱལ་རྒྱུད་ཀྱི་མཐོ་རིམ་དམིགས་བསལ་ལས་གནས་ནས་ཕྱིར་འབུད་རྒྱུ་དང་། མ་འོངས་བར་རང་གི་ནུས་པར་བརྟེན་ནས་རང་ཁ་རང་གསོ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག་ཅིང་། གནས་ཚུལ་འདི་ནི་ཁོ་ཚོས་དུས་ཡུན་ཟླ་ངོ་ཁ་ཤས་ཀྱི་རིང་ཡང་དང་བསྐྱར་དུ་བསམ་བློ་བཏང་སྟེ་ཐག་གིས་བཅད་པ་ཞིག་དང་། མ་འོངས་བར་དབྱིན་ཡུལ་དང་བྱང་ཨ་རིའི་ཁོངས་སུ་འཚོ་བ་བསྐྱལ་རྒྱུ་ཡིན་ཅེས་བསྒྲགས་འདུག དབྱིན་ཇིའི་རྒྱལ་རྒྱུད་ཀྱི་དམིགས་བསལ་གོ་གནས་མུ་མཐུད་ནས་འཛིན་སྐྱོང་བྱེད་བཞིན་པ་ནི་དབྱིན་ཡུལ་དུ་བསྒྱུར་དུ་མེད་པའི་སྲོལ་རྒྱུན་ཞིག་ཆགས་ཡོད་པའི་ངོས་ནས། ད་ཐེངས་རྒྱལ་སྲས་ཧད་རོས་ཀྱིས་དེ་ལྟར་གསལ་བསྒྲགས་སྤེལ་བས་དབྱིན་ཡུལ་དུ་གྲགས་འགུལ་ཆེན་པོ་ཞིག་བྱུང་ཡོད་ཅིང་། སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་དབྱིན་ཇིའི་རྒྱལ་སྲས་ཧད་རོས་ནི་ཨ་རིའི་གློག་བརྙན་འཁྲབ་མཁན་བུ་མོ་ཞིག་ལ་གཉེན་སྒྲིག་ཡོད་པ་རེད།

ཉེ་ཆར་ཨ་རིའི་དམག་གིས་ཨི་རན་གྱི་མཐོ་རིམ་དམག་དཔོན་ཞིག་ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་ཏེ་སྲོག་སྐྱོན་བཏང་བའི་རྗེས་ལ། ཨི་རན་གྱི་དམག་གིས་ཕྱིར་ཡ་ལན་སློག་ནས་དབྱི་རག་ཏུ་ཡོད་པའི་ཨ་རིའི་དམག་སྡེ་ལ་ཚུར་རྒོལ་བྱས་ནས་འཕུར་མདེལ་བཅུ་ཁ་ཞིག་འཕངས་ཡོད་ནའང་། སྐབས་དེར་ཨ་རིའི་དམག་མིའི་ཚེ་སྲོག་ལ་གནོད་སྐྱོན་བྱུང་མེད་པས་ད་སྔ་ཕྱོགས་གཉིས་ནས་ཛ་དྲག་གི་དམག་འཁྲུག་རྒྱག་རྒྱུའི་གནས་སྟངས་མངོན་གསལ་དོད་པོ་མེད་ནའང་། ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནཱན་སེ་ཕེ་ལོ་སེ་ཡིས། ཨ་རིའི་གྲོས་ཚོགས་འོག་མ་ནས་མ་འོངས་བར་ཨ་རིའི་སྲིད་འཛིན་གྱིས་ཨི་རན་ལ་དམག་འཁྲུག་མི་རྒྱག་རྒྱུའི་ཆེད་དུ། དམག་འཁྲུག་འགོག་ཐབས་ཀྱི་གྲོས་ཆོད་ཅིག་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག གྲོས་ཚོགས་འོག་མའི་ཚོགས་གཙོ་ཡིས་གནས་ཚུལ་འདི་མ་བསྒྲགས་སྔོན་ལ་ཨ་རིའི་འཛིན་སྐྱོང་གཞུང་ནས་ཐེངས་འདིར་ཨི་རན་གྱི་དམག་སྤྱི་ཞིག་རྐྱེན་འདས་སུ་བཏང་བའི་གནས་ཚུལ་དེ་གྲོས་ཚོགས་ལ་སྙན་ཞུ་ཞིག་ཕུལ་ཡོད་ནའང་ཨ་རིའི་དམངས་གཙོ་ཚོགས་པའི་ངོས་ནས་འཛིན་སྐྱོང་གཞུང་གི་གསལ་བཤད་དེར་ངོས་ལེན་ཡག་པོ་ཞིག་བྱས་མེད་པ་དང་། གྲོས་ཚོགས་འོག་མའི་ཚོགས་གཙོས་ཨི་རན་གྱི་དམག་སྤྱི་སཱོ་ལ་མད་ནེ་བསད་པ་ནི་འཁྲུག་རྐྱེན་བསླངས་བའི་བྱ་སྤྱོད་ཞིག་དང་འོས་འཚམས་མིན་པའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

ཉེ་ཆར་རྒྱ་ནག་དབུས་སློབ་གསོ་སྡེ་ཁག་གི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ནང་གི་སློབ་མའི་བསླབ་དེབ་ལ་འགྱུར་བ་ཆེན་པོ་ཞིག་བཏང་སྟེ་ཕྱིའི་རྒྱལ་ཁབ་ཀྱི་སློབ་མའི་བསླབ་གཞིའི་རིགས་རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱ་རྒྱུར་བཀག་འགོག་བྱ་འཆར་ཡོད་པའི་གནས་ཚུལ་སྤེལ་འདུག རྒྱ་ནག་གི་འཆར་གཞི་དེའི་མིང་ལ། རྒྱལ་ཡོངས་ཀྱི་བསླབ་གཞི་ལེགས་སྒྲིག་འཆར་གཞི་དང་། བསླབ་གཞི་བདག་གཉེར་བྱེད་ཐབས་ཀྱི་ཐབས་ལམ་བཞི་ཞེས་པའི་ཡིག་ཆ་ཞེས་བཏགས་ཡོད་ཅིང་། ཡིག་ཆ་དེའི་ནང་དུ། རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་དུ། མར་ཁི་སི་རིགས་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག་ཏུ་ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་བོར་དགོས་ཞིང། སློབ་མ་དག་ལ་དམར་ཤོག་གི་ལྟ་གྲུབ་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་གལ་ཆེན་པོ་ཡིན་པ་བཅས་འཁོད་འདུག་ཅིང་། བསླབ་གཞི་བཅོས་སྒྱུར་འདིའི་དམིགས་ཡུལ་གཙོ་བོ་ནི་ཕྱིའི་རྒྱལ་ཁབ་ཀྱི་བསླབ་གཞི་ཁག་བཀག་འགོག་བྱ་རྒྱུ་དེ་རེད་ཅེས་དབྱེ་ཞིབ་པ་དག་གིས་དཔྱད་བརྗོད་སྤེལ་འདུག

ཁ་སང་སྤྱི་ཚེས་བརྒྱད་ཀྱི་ཉིན་ཡུག་ཁི་རན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨི་རན་གྱི་མཁའ་ཐོག་ཏུ་འགྲུལ་སྐྱོད་བྱེད་སྐབས་གློ་བུར་དུ་ས་ལ་ལྷུང་ནས་གནམ་གྲུའི་ནང་གི་མི་བརྒྱ་དང་བདུན་བཅུ་དོན་དྲུག་ཡོད་པ་ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། གནས་ཚུལ་དེའི་ཐད་དེ་རིང་ཡུག་ཁི་རན་གྱི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་དྲུང་ཆེ་ཡིས་གསལ་བསྒྲགས་སྤེལ་ཏེ་ཡུག་ཁི་རན་གྱིས་གནམ་གྲུ་ས་ལ་ལྷུང་སར་འཕུར་མདེལ་གྱིས་བརྒྱབ་པའི་ཤུལ་རྗེས་སོགས་ཡོད་མེད་མུ་མཐུད་ནས་འཚོལ་ཞིབ་བྱེད་ཀྱི་ཡོད་པ་དང་། གནམ་གྲུ་འདི་ས་ལ་ལྷུང་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་མིན་ད་སྔ་གསལ་བོར་ཤེས་ཀྱི་མེད་ལ། གནམ་གྲུ་ས་ལ་ལྷུང་བར་འཕུར་མདེལ་འཕངས་ནས་གཏོར་རྒོལ་བྱས་པའམ། གདོང་གཏུག་བརྒྱབ་པ། འགད་རྫས་ལ་བརྟེན་ནས་འགས་གཏོར་བྱུང་བ། ཐ་ན་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་གནས་ཚུལ་སོགས་ཀྱང་ཡིན་སྲིད་པ་རེད་ཅེས་བཤད་འདུག ཁ་སང་ས་ལ་ལྷུང་བའི་གནམ་གྲུ་དེའི་ནང་དུ་ཨི་རན་གྱི་མི་༨༢ དང་། ཁེ་ན་ཏ་ཡི་མི་༦༣ ཡུག་ཁི་རན་གྱི་མི་༡༡ སི་ཝེ་ཊན་གྱི་མི་༡༠ ཨ་ཧྥུ་གྷན་ན་སི་ཐན་གྱི་མི་༤ དང་། འཇར་མན་དང་དབྱིན་ཡུལ་གྱི་མི་༣ རེ་བཅས་རྐྱེན་ལམ་དུ་ཕྱིན་འདུག

ཉེ་ཆར་རྒྱ་མི་ཝང་ལི་ཆང་ཟེར་བ་ཞིག་གིས་ཨོ་སི་ཊོ་ལི་ཡ་རུ་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་གསང་མྱུལ་བ་བྱས་མྱོང་བའི་གནས་ཚུལ་ཁག་ཅིག་ཁྱབ་བསྒྲགས་བྱས་ཤིང་། རྒྱ་ནག་གསང་བའི་ལས་ཁུངས་ཀྱིས་ཁོ་རང་མངགས་ནས་ཧོང་ཀོང་གི་དམངས་གཙོ་དོན་དུ་གཉེར་བའི་ངོ་རྒོལ་ལས་འགུལ་དང་། ཐེ་ཝན་གྱི་སྲིད་འཛིན་འོས་བསྡུར་གཏོར་བརླག་གཏོང་རྒྱུའི་བྱ་བ་སྒྲུབ་ཏུ་བཅུག་ཡོད་པ་སོགས་གསལ་བསྒྲགས་སྤེལ་བར་རྐྱེན་བྱས་ནས། ཟླ་འདིའི་ཟླ་མགོ་ནས་ཐེ་ཝན་གོ་མིན་ཏང་གི་མི་སྣ་སོགས་ནས་ཚེ་སྲོག་འཕྲོག་རྒྱུའི་འཇིགས་སྐུལ་བྱས་ཏེ། རྒྱ་ནག་གཞུང་གིས་ཁོ་ལ་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུར་གཏོར་བརླག་གཏོང་རྒྱུའི་གསང་བའི་ལས་ཀ་མངགས་བཅོལ་བྱས་པ་སོགས་ཀྱི་གནས་ཚུལ་བསྒྲགས་པ་ཡོངས་སུ་ཕྱིར་འཐེན་བྱ་དགོས་པའི་འཇིགས་སྐུལ་བྱས་ཡོད་པའི་གནས་ཚུལ་ཨོ་སི་ཊོ་ལི་ཡའི་གསར་འགྱུར་བརྒྱུད་ལམ་དུ་འཁོད་འདུག

ཉེ་ཆར་ཨ་རིའི་དམག་གིས་ཨི་རན་གྱི་དམག་སྤྱི་སོ་ལ་མ་ནེ་རྐྱེན་ལམ་དུ་བཏང་བར་རྐྱེན་བྱས་ནས་ཨི་རན་དང་ཨ་རིའི་བར་དུ་དམག་འཁྲུག་ཆེན་པོ་ཞིག་ལངས་སྲིད་པའི་ཚོད་དཔག་བྱས་ཤིང་། འཛམ་གླིང་ཡོངས་ཀྱི་མ་རྐང་ཁྲོམ་ར་གློ་བུར་དུ་མར་ཆག་ཡོད་ནའང་། ཨི་རན་གྱིས་ཨི་རག་ཏུ་ཡོད་པའི་ཨ་རིའི་དམག་སྒར་གྱི་སྟེང་འཕུར་མདའ་བཅུ་གྲངས་ཤིག་གཡུག་པའི་རྗེས་སུ་གནས་སྐབས་སུ་ཡ་ལན་སློག་ཟིན་པ་དང་མུ་མཐུད་ནས་དམག་འཁྲུག་སློང་རྒྱུའི་འཆར་གཞི་མེད་ཅེས་བསྒྲགས་པ་དང་། ཨ་རིའི་སྲིད་འཛིན་གྱིས་ཀྱང་ཨ་རིའི་དམག་མི་སོགས་རྐྱེན་འདས་སུ་ཕྱིན་མེད་ཅིང་ཕར་དམག་འཁྲུག་སློང་རྒྱུའི་དམིགས་ཡུལ་མེད་ཚུལ་བཤད་པས་ཕྱོགས་གཉིས་ཀྱི་འགལ་ཟླ་གནས་སྐབས་རིང་ཞི་འཇམ་དུ་ཕྱིན་ཅིང་རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་གནས་སྟངས་ཡང་དེ་རིང་ཡར་འཕར་ཡོད་པའི་གནས་ཚུལ་སྤེལ་འདུག

ཡང་རོ་ཡེ་ཁྲིར་གསར་འགྱུར་ཁང་གིས་གསར་འགྱུར་ཞིག་སྤེལ་ཡོད་པའི་ནང་དུ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ཁྲོམ་ ཁོ་ཁྲོན་གྱིས་ཁ་སང་ཁྲིམས་གཞི་ཞིག་བཏོན་ཏེ། ཨ་རིའི་ངོས་ནས་མ་འོངས་པར་རྒྱ་ནག་གི་ཧ་ཝེ་བཟོ་ཚོང་ཁང་དུ་མཉམ་འབྲེལ་བྱེད་བཞིན་པའི་རྒྱལ་ཁབ་དག་ལ་ཨ་རིས་མ་འོངས་བར་གསང་བའི་གནས་ཚུལ་མཉམ་སྤྱོད་བྱས་མི་ཆོག་པའི་བསམ་ཚུལ་བཏོན་ཡོད་པས། ད་སྔ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་དང་མཉམ་འབྲེལ་བྱེད་བཞིན་པའི་དབྱིན་ཡུལ་སོགས་ལ་གནོན་ཤུགས་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་རེད།

XS
SM
MD
LG