ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཐེ་ཝན་གྱི་འོས་བསྡུ་ལ་རྒྱ་ནག་གི་དྲ་ལམ་ཤུགས་རྐྱེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཟླ་འདིའི་ཚེས་༡༡ ཉིན་ཐེ་ཝན་གྱི་འོས་བསྡུ་ཆེན་མོ་བྱེད་དགོས་པ་དང་། འོས་བསྡུ་མགོ་མ་བརྩམས་པའི་སྔོན་འདིར་ཐེ་ཝན་གྱི་མགོ་ཁྲིད་དང་ཞིབ་འཇུག་པ་རྣམས་ཀྱིས་སེམས་ཁྲལ་བྱེད་བཞིན་པའི་གནད་དོན་གལ་ཆེན་པོ་གཅིག་ནི། རྒྱ་ནག་གིས་དྲ་རྒྱའི་བརྒྱུད་ལམ་ནས་ཐེ་ཝན་གྱི་འོས་ཤོག་འཕེན་མཁན་དག་གི་བསམ་བློ་སྒྱུར་བཀོད་བྱེད་སྲིད་པའི་དོགས་པ་བྱེད་བཞིན་པ་དང་། ཁྱད་པར་དུ་ཐེ་ཝན་གྱི་དམངས་གཙོ་ཅན་གྱི་སྤྱི་ཚོགས་སྒྲིག་གཞི་དང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་གྱི་མཐུན་རྐྱེན་འོག་ཏུ་འོས་ཤོག་འཕེན་མཁན་རྣམས་ཀྱི་བསམ་བློར་ཤུགས་རྐྱེན་གཏོང་རྒྱུ་ནི་དེ་ལས་ཀྱང་ལས་སླ་བོ་ཡིན་པའི་ངོས་འཛིན་བྱེད་བཞིན་པ་རེད། ད་ལྟའི་ཐེ་ཝན་གཞུང་གི་སྲིད་འཛིན་ཚེ་དབྱིན་ཝུན་ནས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་དམ་པོ་བཟུང་རྒྱུའི་མོས་མཐུན་བྱེད་ཀྱི་མེད་ནའང་། རྒྱ་ནག་དམར་ཤོག་ཚོགས་པས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱས་ཏེ་དུས་ཡུན་རིང་པོར་ཐེ་ཝན་ལ་འཇིགས་སྐུལ་དང་། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དྲིལ་སྒྲོག་ཤུགས་ཆེན་པོ་བྱས་ནས་ཐེ་ཝན་གྱི་འོས་ཤོག་འཕེན་མཁན་དག་གི་བསམ་བློར་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། ཟླ་སྔོན་མའི་ནང་ཐེ་ཝན་གྱི་མི་སྟོང་ཕྲག་ཁ་ཤས་འཛོམས་ནས་དམར་པོའི་གསར་ལམ་ལ་ངོ་རྒོལ་ཁྲོམ་སྐོར་བྱས་འདུག་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་ཤུགས་རྐྱེན་ཐེབས་བཞིན་པའི་ཐེ་ཝན་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་དག་ལ་ངོ་རྒོལ་བྱས་པ་ཞིག་རེད། ཐེ་ཝན་གྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་ཐེ་ཝན་གྱི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དུ་ཁྱབ་བཞིན་པའི་གནས་ཚུལ་རྫུན་མའི་རིགས་ཧ་ཅང་མང་དྲགས་པས། མི་རྣམས་ཀྱིས་གནས་ཚུལ་དེ་དོན་དངོས་ཐོག་ཐེ་ཝན་གྱིས་བཏོན་པ་ཡིན་ནམ་རྒྱ་ནག་གིས་བཏོན་པ་ཡིན། ཡང་ན་གཞུང་གི་ལས་ཁུངས་ཀྱིས་བཏོན་པ་ཡིན་ནམ་སྒེར་གྱི་དཀྲུག་ཤིང་བཟོ་མཁན་དག་གིས་བཏང་བ་ཡིན་མིན་བཅས་ཀྱི་དབྱེ་བ་འབྱེད་རྒྱུ་ནི་ཧ་ཅང་ཁག་པོ་ཆགས་ཡོད། དེ་བས་ད་ལོའི་ཟླ་ལྔ་བའི་ནང་དུ་ཐེ་ཝན་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ནས་ཐེ་ཝན་གྱི་དྲ་རྒྱའི་བརྒྱུད་ལམ་དུ་གནས་ཚུལ་རྫུན་མའི་རིགས་ཐོན་བཞིན་པར་གཞུང་གི་འཛིན་སྐྱོང་ལས་ཁུངས་ཡོངས་དང་སྤྱི་ཚོགས་ཡོངས་ནས་ཡ་ལན་སློག་རྒྱུའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཐེ་ཝན་གཞུང་ནས་གནོད་པ་ཅན་གྱི་འཆལ་གཏམ་ཀྱི་རིགས་ཁྱབ་སྤེལ་བྱ་རྒྱུ་བཀག་འགོག་བྱ་རྒྱུའི་ཁྲིམས་ལུགས་ཀྱང་དམ་དུ་བཏང་ཡོད་པ་རེད། དེ་མིན་རང་དབང་དམངས་གཙོ་ཅན་གྱི་སྤྱི་ཚོགས་འདིར་དྲ་ལམ་གྱི་འཆལ་གཏམ་དག་གིས་ཤུགས་རྐྱེན་ཐེབས་ནས་འགྱུར་ལྡོག་བཏང་བ་ཡིན་ན་མི་རྣམས་ཀྱིས་རང་དབང་དམངས་གཙོའི་སྒྲིག་སྲོལ་ལ་བཟུང་བའི་ཡིད་ཆེས་དག་བརླག་སྲིད་པའི་ངོས་འཛིན་ཀྱང་བྱེད་བཞིན་ཡོད་པས། འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་ཐེ་ཝན་གྱི་མི་རྣམས་ཀྱིས་ལེགས་ཉེས་བླང་དོར་གྱི་གདམ་ཀ་ནོར་མི་ཉན་པའི་ཐད་ནས་ཐེ་ཝན་གྱི་གནད་ཡོད་མི་སྣ་ཡོངས་ནས་འབོད་སྐུལ་ཆེན་པོ་ཞུ་བཞིན་པ་རེད། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ཚེ་དབྱིན་ཝུན་གྱིས་ཐེ་ཝན་གྱི་འཛིན་སྐྱོང་དབང་ཆ་བཟུང་བའི་རིང་ལ་རྒྱ་ནག་གིས་ཐེ་ཝན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུར་ངོས་ལེན་མེད་པའི་གཏམ་བཤད་སྤེལ་བ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཐེ་ཝན་དུ་རྒྱ་ནག་གི་ཡུལ་སྐོར་བ་ཡོང་རྒྱུར་ཚོད་འཛིན་བྱས་པ་དང་། ཡང་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཁ་ཤས་ཅིག་གིས་ཐེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་བཙུགས་པ། ཡང་ཧོང་ཀོང་དུ་དུས་ཡུན་ཟླ་བ་༦་ལྷག་གི་རིང་ལ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་བཅས་ལ་བརྟེན་ནས་ཀྱང་ཐེངས་འདིའི་ཐེ་ཝན་གྱི་འོས་བསྡུ་ཆེན་མོར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སྲིད་པ་ཡང་སྲིད་དོན་དབྱེ་ཞིབ་པ་རྣམས་ཀྱིས་ཚོད་དཔག་བྱེད་བཞིན་པ་དང་། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ནི་ཕྱིའི་ཤུགས་རྐྱེན་འདི་དག་གིས་ཐེ་ཝན་མི་དམངས་ཀྱི་བསམ་བློར་འགྱུར་བ་ཅི་ལྟ་བུ་ཞིག་བཏང་ཡོད་མེད་ལ་ཉམས་སད་ཐེངས་ཤིག་ཀྱང་བྱེད་ངེས་པ་རེད། ད་ལོའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་མ་བྱུང་བའི་སྔོན་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན་ཐེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ཧཱན་གོ་ཡོས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚད་མཐོན་པོ་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ནའང་། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གྱི་རྗེས་ལ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝུན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་པའི་ངོས་འཛིན་བྱེད་བཞིན་པ་དང་། འདི་ནི་ཐེ་ཝན་དུ་མི་རེ་ངོ་རེའི་ཐད་ཀར་དུ་སྲིད་འཛིན་འདེམས་རྒྱུའི་འོས་འདེམས་ལམ་ལུགས་བྱུང་ནས་སྲིད་འཛིན་འོས་འདེམས་བྱས་པ་ཐེངས་བདུན་པ་དེ་ཡིན་པ་རེད། །

XS
SM
MD
LG