ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་བའི་ཐོབ་ཐང་གི་ཁྲིམས་གཞི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལོ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཤར་ཏི་ཀི་སི་ཐན་ནམ་ཞིན་ཅང་གི་གནས་སྟངས་ལ་དམིགས་པའི་ཁྲིམས་འཆར་ཞིག་བཏོན་ཡོད་པའི་ཐད་ནས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མྰར་ཁོ་རོའུ་བྷིས་ཨོ་ཡིས་ཁ་སང་CBSགསར་འགྱུར་བརྒྱུད་ལམ་དུ་ཞིན་ཅང་སྐོར་གྱི་གྲོས་འཆར་དེ་མྱུར་དུ་ཐག་གཅོད་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག བདུན་ཕྲག་རྗེས་མའི་ནང་ཨ་རི་དང་རྒྱ་ནག་བར་དུ་རིམ་པ་དང་པོའི་ཚོང་འབྲེལ་ཐད་ཀྱི་གྲོས་མོལ་མུ་མཐུད་དུ་མཇུག་བསྐྱངས་ནས་མི་རིང་བར་རིམ་པ་དང་པོའི་ཉོ་ཚོང་གྲོས་ཆོད་ལ་མིང་རྟགས་འགོད་འཆར་ཡོད་པའི་སྐབས་འདིར། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཞིན་ཅང་དང་འབྲེལ་བའི་ཁྲིམས་གཞི་འདིར་བསྐྱར་དུ་གྲོས་མོལ་བྱས་ཏེ་གྲོས་ཚོགས་གོང་འོག་གཉིས་ནས་གྲོས་ཆོད་འདིའི་ཐད་ཀྱི་ལྟ་ཚུལ་མི་འདྲ་ས་དག་མྱུར་དུ་ཐག་གཅོད་བྱེད་དགོས་པའི་རེ་འདུན་བཏོན་འདུག སྤྱི་ལོ་༢༠༡༩ ལོའི་ཨ་རིའི་ཞིན་ཅང་ཡུ་གུར་བའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་འཆར་འདིའི་མིང་ལ་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཁྲིམས་གཞི་ཅེས་འཁོད་འདུག་པ་དང་། ཁྲིམས་འཆར་འདིར་ལོ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་མང་མོས་ཀྱིས་གཏན་འབེབས་ཐག་གཅོད་བྱུང་ཡོད་ནའང་མཐའ་མར་སྲིད་འཛིན་ལ་མིང་རྟགས་འགོད་དུ་འཇུག་རྒྱུའི་བར་ལམ་དུ་གྲོས་ཚོགས་ཀྱི་འགྲོ་ལུགས་ཁག་ཅིག་ནར་འགྱངས་སུ་ལུས་པ་ལ་བརྟེན་ནས་ཁྲིམས་གཞི་འདི་ད་དུང་མཐའ་མའི་གཏན་འབེབས་ཐག་གཅོད་བྱས་མེད་པ་དང་། སྐབས་རྗེས་མའི་ཨ་རིའི་སྲིད་འཛིན་འོས་བསྡུ་མགོ་མ་བཙུགས་སྔོན་དུ་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་འཆར་འདིར་སྲིད་འཛིན་ནས་མིང་རྟགས་འགོད་ཐུབ་པ་བྱ་རྒྱུར་ཨ་རིའི་གྲོས་ཚོགས་ནས་འབད་བརྩོན་བྱེད་བཞིན་པ་དང་། ཁྲིམས་གཞི་འདིའི་ཐད་ལ་ཨ་རིའི་སྤྱི་མཐུན་ཆབ་སྲིད་ཚོགས་པ་དང་དམངས་གཙོ་ཆབ་སྲིད་ཚོགས་པ་གཉིས་ཀྱིས་འགལ་མེད་ཀྱི་ཐོག་རྒྱབ་སྐྱོབ་བྱེད་བཞིན་པ་རེད། ལོ་སྔོན་མའི་ནང་དུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཐད་ཀྱི་ཁྲིམས་གཞི་ཞིག་ཀྱང་མང་མོས་ཀྱིས་གཏན་འབེབས་བྱས་ཏེ་ཨ་རིའི་སྲིད་འཛིན་གྱིས་མིང་རྟགས་ཀྱང་བཀོད་ནས་ད་ལྟ་དངོས་སུ་ཨ་རིའི་ཁྲིམས་ལ་གཏན་འབེབས་བྱས་ཟིན་པ་རེད། ད་སྔ་རྒྱ་ནག་གིས་དམག་དོན་རྒྱ་བསྐྱེད་དང་། ཨ་རིའི་ནང་དུ་རྒྱ་ནག་དམར་ཤོག་གི་བསམ་བློའི་ལྟ་གྲུབ་དྲིལ་བསྒྲགས་བྱེད་བཞིན་པ། བརྡ་འཕྲིན་ལག་རྩལ་བརྒྱུད་ནས་ཨ་རིའི་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་བ་སོགས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་བཞིན་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཨ་རིའི་མི་མང་པོ་ཞིག་གིས་རྒྱ་ནག་གི་བྱེད་སྟངས་འདི་དག་ལ་བློ་འཚབ་བྱེད་བཞིན་པ་དང་བསྟུན་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་གཞི་དང་གྲོས་ཆོད་ཁག་ལག་བསྟར་ཡོང་བར་རྒྱབ་སྐྱོར་བྱེད་མཁན་ཀྱང་མང་ནས་མང་དུ་འགྲོ་བཞིན་པ་རེད། ད་སྔ་ཨ་རིའི་སྲིད་འཛིན་ཊམ་གྱི་ངོས་ནས་རྒྱ་ནག་ལ་ཚོང་འབྲེལ་འདྲ་མཉམ་མིན་པའི་གནས་སྟངས་དང་རྒྱ་ནག་གིས་ཨ་རིའི་རིག་གནས་ཀྱི་བདག་དབང་རྐུ་འཁྱེར་བྱེད་ཀྱི་ཡོད་པ་སོགས་ཀྱི་ཐད་ནས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ནའང་། ཤར་ཏི་ཀི་སི་ཐན་གྱི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཐད་དམིགས་བསལ་གྱིས་རྣམ་འགྱུར་ཞིག་བསྟན་མེད་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་གཞིར་བཟུང་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ་ཡིན་ན། མ་འོངས་བར་རྒྱལ་ཁབ་གཉིས་བར་དུ་ཚོང་འབྲེལ་གྱི་གྲོས་ཆོད་འཇོག་རྒྱུར་འགོག་རྐྱེན་ཐེབས་རྒྱུའི་ཉེན་ཁ་མཐོང་གི་ཡོད་པའི་ཚོད་དཔག་བྱེད་བཞིན་པ་ཡང་ཨ་རིའི་ནེའུ་ཡོག་དུས་བབ་ཏུ་གནས་ཚུལ་སྤེལ་འདུག་ཅིང་། གཞན་ཨ་རིའི་སྲིད་འཛིན་གཞོན་པ་མྰད་ཁི་ཕིན་སི་དང་། ཕྱི་སྲིད་དྲུང་ཆེ་མྰད་ཁི་ཕིན་ཕས་ཨོ་གཉིས་ནས་རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོས་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་ཐེངས་མང་པོ་བྱས་ཡོད་ལ། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་མང་པོ་ཞིག་གིས་ཡུ་གུར་བའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་གཞི་འདི་གཞིར་བཟུང་ནས་རྒྱ་ནག་གི་འབྲེལ་ཡོད་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་དཔལ་འབྱོར་གྱི་ཉེས་ཆད་སོགས་ཉེས་ཆད་ཁག་ཅིག་གཅོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་ནའང་། དེ་ལ་ཨ་རིའི་ནོར་སྲིད་ལྷན་ཁང་གིས་མོས་མཐུན་བྱེད་ཀྱི་མེད་པ་རེད། ཡུ་གུར་བའི་ཐོབ་ཐང་ཐད་ཀྱི་་ཁྲིམས་འཆར་འདི་འདོན་མཁན་གྱིས་གྲོས་ཚོགས་འཐུས་མི་མར་ཁོ་རོའུ་བྷས་ཨོ་དང། ཁི་རོས་སི་ཁྲོ་ཧྥུ་སུ་མས་སུ་གཉིས་ནས་ཨ་རིའི་ངོས་ནས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ་མིང་ཐོ་ནག་པོའི་ནང་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། ཁོ་ནི་ཡུ་གུར་བ་འཇུག་སའི་བཀག་ཉར་ཁང་བརྒྱབ་ཡོད་སའི་ས་གནས་ཀྱི་མགོ་ཁྲིད་གཙོ་བོ་དེ་ཡིན་པའི་ངོས་འཛིན་བྱས་འདུག

XS
SM
MD
LG