ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རིའི་ཁན་ས་སི་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་སྒོ་རྒྱག་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ཁན་ས་སི་སློབ་གྲྭ་ཆེན་མོས་སྤྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༡་ནས་བཟུང་སྟེ་སློབ་ཆེན་དེར་ཡོད་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་སྒོ་རྒྱག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་ཞིག་མཉམ་འབྲེལ་གསར་ཁང་གིས་བརྒྱུད་སྤེལ་བྱས་འདུག ཁུང་ཙིའི་སློབ་གླིང་དེ་སྒོ་རྒྱག་དགོས་པའི་རྒྱུ་མཚན་གཅིག་ནི་ཨ་རིའི་སློབ་ཆེན་དེའི་ཁུང་ཙིའི་སློབ་གླིང་ལ་འགྲོ་སོང་མ་དངུལ་གཏོང་རྒྱུ་ཉུང་དུ་བཏང་བའི་རྒྱུ་མཚན་གྱིས་ཡིན་ཞེས་བཀྲལ། ཁན་ས་སི་མངའ་སྡེའི་སློབ་སྟོན་ལས་ཁུངས་ཀྱི་འགན་འཛིན་ཁེ་རོ་ལི་བྷེ་ཌི་ཛིས་སློབ་གྲྭའི་ལས་བཟོ་བ་རྣམས་ལ་དྲྭ་འཕྲིན་ཞིག་བཏང་ཡོད་པ་དེར་ཁན་ས་སི་སློབ་ཆེན་གྱིས་རྒྱ་ནག་ལ་མུ་མཐུད་དུ་འབྲེལ་ལམ་བརྟན་པོ་ཞིག་འཛུགས་རྒྱུ་ནི་སློབ་ཆེན་འདིའི་སློབ་གསོའི་ངོས་ནས་སྔར་བཞིན་ཧ་ཅང་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁུང་ཙིའི་སློབ་གླིང་སྒོ་བརྒྱབ་པ་དེས་རྒྱ་ནག་དང་སློབ་ཆེན་འདི་གཉིས་མཉམ་འབྲེལ་དང་རྒྱ་ནག་གི་སློབ་ཕྲུག་བསྡུ་རྒྱུ་སོགས་ཀྱི་ལས་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད་ཅེས་བསྒྲགས།

སྤྱི་་ལོ་༢༠༡༨་ལོའི་ཕྱི་ཟླ་༨་པའི་ནང་དུ་ཨ་རིའི་གཞུང་གིས་དམག་དོན་ལ་འགྲོ་སོང་གཏོང་རྒྱུའི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་ཡོད་པ་དེར་ཨ་རིའི་གིས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་ལ་མཉམ་འབྲེལ་བྱ་རྒྱུའི་དོན་དུ་འགྲོ་སོང་གཏོང་བཞིན་པ་ཉུང་དུ་གཏོང་རྒྱུ་ཡིན་པའི་ཐག་བཅད། ཁྲིམས་གཞི་དེར་རྒྱབ་སྐྱོར་བྱེད་མཁན་ཚོས་ཨ་རིར་ཡོད་པའི་ཁུང་ཙིའི་སློབ་གླིང་ཁག་ནི་རྒྱ་ནག་དམར་ཤོག་དབུས་གཞུང་གི་སློབ་གསོའི་ལྷན་ཁང་ལ་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་བརྒྱུད་ནས་ཞར་དང་ཞོར་ལ་རྒྱ་ནག་དམར་སགོ་ཆབ་སྲིད་ཀྱི་ལྟ་བ་ཁྱབ་སྤེལ་ཤུགས་ཆེན་གཏོང་གི་ཡོད་པའི་བློ་དོགས་བྱེད་ཡོད་པ་སྟེ། ད་སྔ་རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་སུ་ཁུང་ཙིའི་་སློབ་གླིང་༥༠༠་ཡས་མས་ཤིག་བཙུགས་ཡོད་པའི་གྲས་ཀྱི་ཁུང་ཙིའི་སློབ་གླིང་༡༠༠་ཨ་རིའི་གཅིག་པུར་ཚུགས་ཡོད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ཅིག་གིས་ཁུང་ཙིའི་སློབ་གླིང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་རྒྱལ་ཁབ་གཞན་ལ་སྤེལ་གྱི་ཡོད་པར་མ་ཟད། ད་དུང་ཨ་རིའི་ནང་ཁུལ་དུ་གསང་མྱུལ་བའི་ལས་དོན་སྒྲུབ་ཀྱི་ཡོད་པའི་ངོས་འཛིན་བྱེད་བཞིན་འདུག

ད་སྔ་ཨ་རིའི་སློབ་ཆེན་ཁག་ཏུ་ཁུང་ཙིའི་སློབ་གླིང་ཁག་ཅིག་སྒོ་བརྒྱབ་ཀྱང་ད་དུང་ཡང་ཨ་རི་རྒྱལ་ཡོངས་སུ་ཁུང་ཙིའི་སློབ་གླིང་༨༩་ལུས་ཡོད་པ་རེད། ལོ་རྗེས་མར་སྒོ་རྒྱག་འཆར་ཡོད་པའི་ཁན་ས་སི་སློབ་ཆེན་གྱི་་ཁུང་ཙིའི་སློབ་གླིང་ནི་སྤྱི་ལོི་༢༠༠༦་ལོར་གསར་དུ་ཚུགས། སློབ་གླིང་དེར་རྒྱ་ནག་ཧྭ་ཀྲུང་དགེ་ཐོན་སློབ་ཆེན་དང་རྒྱ་ནག་གི་སྐད་ཡིག་ལས་དོན་སྡེ་ཚན་ཞིག་བཅས་ཀྱིས་མ་དངུལ་རྒྱབ་སྐྱོར་སྤྲད། སྤྱི་ལོི་༢༠༠༩་ལོར་ཨ་རིའི་ཆི་ཁ་གྷོ་སློབ་ཆེན་དུ་ཁུང་ཙིའི་སློབ་གླིང་ཚུགས། སློབ་ཆེན་དེའི་དགེ་རྒན་ཆེན་མོ་༡༧༤་ཙམ་གྱིས་ངོ་རྒོལ་བྱས་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་སྤྱི་ལོ་༢༠༡༢་ལོའི་ཟླ་༥་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་རྒྱལ་ཡོངས་ཀྱི་ཁུང་ཙིའི་སློབ་གླིང་ཁག་ཏུ་དགེ་རྒན་གྱི་ཐོངས་མཆན་ཐོག་ཏུ་འཆད་ཁྲིད་བྱེད་བཞིན་པའི་རྒྱ་ནག་གི་དགེ་རྒན་རྣམས་རྒྱ་ནག་ལ་ཕྱིར་སློག་དགོས་པའི་བཀའ་ཕབ། དེའི་རྗེས་སུ་སློབ་གླིང་དེ་དག་གིས་མུ་མཐུད་དུ་ཚོར་སྐྱེན་རྣོ་བའི་ཆབ་སྲིད་ཀྱི་གནད་དོན་ཁག་ལ་་ཐེ་ཇུས་བྱས་འདུག

དཔེར་ན་སྤྱི་ལོ་༢༠༠༣་ལོར་ཨ་རིའི་ཆི་ཁ་གྷོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སཱ་ལིན་སི་ཟེར་བ་ཞིག་གིས་རྒྱལ་ཁབ་ཅེས་པའི་དུས་དེབ་ཀྱི་སྟེང་དུ་རྩོམ་ཡིག་ཅིག་བཀོད་ནས་སྤྱི་ལོི་༢༠༠༩་ལོར་ཨ་རིའི་བྱང་ཁཱེ་རོ་ལེ་ན་མངའ་སྡེའི་སློབ་ཆེན་ཏུ་ཁུང་ཙིའི་སློབ་གླིང་གིས་ངོ་རྒོལ་བྱས་འདུག ཁོ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་སློབ་གླིང་དེར་ཕེབས་རྒྱུ་ཕྱིར་འཐེན་བྱེད་དུ་བཅུག་ཡོད་པ་སོགས་ཁུང་ཙིའི་སློབ་གླིང་ཁག་གིས་བོད་དོན་དང་རྒྱ་ནག་གི་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུར་བཀག་འགོག་གི་ལས་འགུལ་མང་པོ་སྤེལ། ཁུང་ཙིའི་སློབ་གླིང་ཁག་གིས་རྒྱ་ནག་གཞུང་གིས་འགྲེལ་བཤད་བྱེད་བཞིན་པའི་རྒྱའི་རིག་གཞུང་དར་སྤེལ་བྱ་ཡུལ་དང་རྒྱ་ཡིག་རྒྱ་སྐད་སློབ་སྦྱོང་བྱ་ཡུལ་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་ཁག་ལ་ཇུས་གཏོགས་བྱེད་བཞིན་པ་དང་། ཐ་ན་སོ་མྱུལ་གྱི་ལས་དོན་སྒྲུབ་བཞིན་པའི་དོགས་པ་བྱེད་བཞིན་པ་རེད།

XS
SM
MD
LG