ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་ནི་མ་འོངས་པར་སངས་རྒྱས་བསྟན་པའི་འགྲོ་དོན་བསྐྱང་ས་གཙོ་བོར་ཆགས་སྲིད་ཅེས་བཀའ་བསྩལ།


༄༅།།དེ་རིང་ཕྱི་ཟླ་༡༢ ཚེས་༢༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་དེ་གའི་སློབ་གཉེར་བའི་རྩོད་རྒྱུགས་བཞེས་གནང་ཡོད་ཅིང་སྐབས་དེར་ཕར་ཕྱིན་དང་དབུ་མ། རྣམ་འགྲེལ། བསྡུས་གྲྭ་བཅས་ཀྱི་རྩོད་རྒྱུགས་གཟིགས་འབུལ་ཞུས་གནང་སོང་།།

རྩོད་རྒྱུགས་གཟིགས་འབུལ་གྲུབ་མཚམས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་གཉིས་ཀྱི་སློབ་གཉེར་གནས་སྟངས་ལ་ཡི་རངས་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་གདན་སའི་ནང་སློབ་གཉེར་གནང་རྗེས་བོད་ནང་འབྲེལ་བ་ཡོད་མཁན་ཚོས་བོད་ནང་རང་གི་ཕ་ཡུལ་གྱི་གཞིས་དགོན་དེ་དག་ལ་ནང་ཆོས་འཆད་ཁྲིད་གནང་དགོས་པ་མ་ཟད་ད་དུང་ཧི་མ་ལ་ཡའི་རི་རྒྱུད་ནང་པ་ཚོར་ཡང་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཏེ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཤིག་ཡོང་ཐབས་འབད་བརྩོན་གནང་དགོས་པའི་སྐུལ་མ་མཛད་གནང་སོང་།།

ལྷག་དོན་རྒྱ་ནག་ནང་དེང་སྐབས་སྲིད་ཇུས་འགྱུར་བ་འགྲོ་བཞིན་ཡོད་སྟབས་མ་འོངས་གོ་སྐབས་བཟང་པོ་ཞིག་ཡོང་ངེས་ཡིན་པས་ད་ལྟ་ནས་རྒྱའི་སྐད་ཡིག་ལ་དོ་སྣང་བྱས་ཏེ་རྒྱ་ནག་ནང་གི་ནང་པ་ཚོར་ཞབས་འདེགས་སྒྲུབ་ཐབས་གནང་དགོས་པ་བཀའ་བསྩལ་གནང་སོང་།།

གཞན་ཡང་དེ་རིང་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་གི་མོན་གྷོ་ས་གནས་གྲོས་ཚོགས་ཀྱི་མཐུས་མི་སྐུ་ཞབས་Shivram མཆོག་དང་མི་སྣ་ཁག་ཅིག་ཀྱང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁར་བཅར་ཏེ་རྒྱ་གར་ཀར་ན་ཀྲ་ཀ་མངའ་སྡེའི་སྲོལ་རྒྱུན་དབུ་ཞྭ་དང་རས་གཟན་་བཅས་ཕུལ་ཏེ་ཆེ་བསྟོད་ཞུས་གནང་སོང་།

སང་ཉིན་སྔ་དྲོ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ས་དགའ་ལྡན་ནས་གནས་མཆོག་རྡོ་རྗེ་གདན་དུ་མཛད་འཆར་ཆེད་ཆིབས་ཞལ་བསྒྱུར་གནང་རྒྱུ་རེད་འདུག

XS
SM
MD
LG