ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྗེ་ཙོང་ཁ་པའི་རྗེས་དྲན་ལེགས་ཤོས་དེ་ཁོང་གི་གསུང་པོ་ཏི་༡༨ ལ་སློབ་སྦྱོང་གནང་རྒྱུ་དེ་རེད་ཅེས་བཀའ་བསྩལ།


Tsongkhapa 600
Tsongkhapa 600

༄༅།།དེ་རིང་ཕྱི་ཟླ་༡༢་ཚེས་༢༡ སྟེ་དགའ་ལྡན་ལྔ་མཆོད་ཉིན་རྗེ་ཙོང་ཁ་པ་ཆེན་པོའི་གདན་ས་དང་རི་བོ་དགེ་ལྡན་པའི་མ་དགོན་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོགས་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་པ་དང་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ཡུལ་དགའ་ལྡན་དགོན་པའི་མཁན་པོ། གཞན་ཡང་ཕྱི་ནང་གི་སྐུ་མགྲོན་དང་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཁྲོད་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཏེ་ལོ་ངོ་༦༠༠་འཁོར་བའི་དུས་ཚེས་དང་འབྲེལ་བའི་དགའ་ལྡན་ལྔ་མཆོད་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད་པ་རེད།

མཛད་སྒོ་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྔ་མཆོད་སྲུང་བརྩི་དང་འབྲེལ་བའི་བཀའ་སློབ་གནང་སྐབས་དེ་སྔ་བོད་ནང་ལྔ་མཆོད་ཀྱི་གཞུང་འབྲེལ་མཛད་སྒོའི་བྱེད་སྒོ་སྤེལ་སྟངས་སྐོར་ངོ་སྤྲོད་དང་ཆབས་ཅིག རྒྱལ་མཆོག་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་མཛད་པ་མཆོག་གིས་རང་གི་རྩ་བའི་བླ་མ་རྗེ་ཙོང་ཁ་པ་ཆེན་པོ་དྲན་པའི་གསུང་མགུར་ཤར་གངས་རི་མ་དང་དེ་བཞིན་རྒྱལ་མཆོག་སྐུ་ཕྲེང་བདུན་པ་མཆོག་གིས་གསུང་མགུར་སྙིང་འདབ་བརྒྱད་མའིགསུང་འདོན་གནང་སོང་།།

དེ་དང་ཕྱོགས་མཚུངས་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་རྗེས་དྲན་ལེགས་ཤོས་དེ་ནི་ཁོང་གིས་མཛད་པའི་གསུང་རྩོམ་པོད་བཅོ་བརྒྱད་ཀྱི་སྙིང་དོན་སྟོང་པ་ཉིད་དང་དབུ་མའི་ལྟ་བ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་དག་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་རྒྱུ་དེ་ཆགས་ཡོད་པ་བཀའ་བསྩལ་གནང་སོང་།།

དེ་དང་ཆབས་ཅིག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་གསུང་བཤད་གནང་དོན་ནང་སྐྱ་སེར་ཚང་མས་གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་ནང་ཆོས་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་ཡོད།།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་ཚབ་ཞུས་ཏེ་གསུང་བཤད་གནང་བའི་ནང་། སྟོན་པ་བཅོན་ལྡན་འདས་དང་རྗེ་ཙོང་ཁ་པ། གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཅས་ཀྱིས་དུས་དང་མཐུན་པའི་གསར་གཏོད་གནང་བའི་འཛམ་གླིང་ཡོངས་ལ་ཕན་པའི་ནང་ཆོས་དེ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གཏོང་རྒྱུའི་དུས་ལ་སླེབས་ཡོད་པ་གསུངས་སོང་།།

ཡང་བོད་མི་མང་སྤྱི་མཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་མཐུས་གྲོས་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ་རྗེ་ཙོང་ཁ་པའི་རྣམ་ཐར་ལ་རྗེས་དྲན་གྱི་གསུང་བཤད་གནང་བ་དང་ཆབས་ཅིག་དགོན་སྡེ་ཁག་གིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་མུ་མཐུད་འབད་བརྩོན་གནང་དགོས་པ་མ་ཟད། ༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་རིགས་གཅིག་རྐང་འཛིན་ཐོག་ཤུགས་སྐྱོན་གནང་དགོས་སྐོར་འབོད་སྐུལ་གནང་བ་རེད།

དེ་བཞིན་སོག་ཡུལ་དགའ་ལྡན་དགོན་གྱི་མཁན་རིན་པོ་ཆེ་བླ་མ་ཆོས་ཀྱི་རྒྱ་མཚོ་མཆོག་ནས་བོད་སོག་གཉིས་ཀྱི་ལོ་རྒྱུས་འབྲེལ་བ་སླར་གསོ་བྱུང་བ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༧༩ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོག་ཡུལ་དུ་ཕེབས་པའི་བཀའ་དྲིན་ལ་བརྟེན་ནས་སོག་ཡུལ་དུ་བསྟན་པ་དར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་སྐོར་གསུང་བཤད་གནང་སོང་།།

ཡང་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་ནས་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་སྤྱི་དང་བྱེ་བྲག་ཏུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཐོག་མར་དབུ་འཛུགས་གནང་བའི་ལོ་རྒྱུས་མདོར་བསྡུས་སྙན་སྒྲོན་ཞུས།

ལྷག་དོན་དུ་དེ་རིང་གི་མཛད་སྒོ་དེའི་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་རྗེ་ཙོང་ཁ་པའི་རྗེས་འཇུག་རི་བོ་དགེ་ལྡན་པ་ཡོངས་ཀྱི་ཚབ་ཞུས་ཏེ་རི་བོ་དགེ་ལྡན་པ་སྤྱིའི་ངོས་ནས་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་རྗེ་ཙོང་ཁ་པའི་བསྟན་པར་རླབས་ཆེན་གྱི་མཛད་རྗེས་བཞག་གནང་བར་བཀའ་དྲིན་རྗེས་དྲན་གྱི་ངོས་འཛིན་དུ་རྗེ་ཙོང་ཁ་པའི་དམིགས་བསལ་གཟེངས་རྟགས་ཤིག་ཀྱང་ཕུལ་གནང་ཡོད་པ་མ་ཟད་རྗེ་ཙོང་ཁ་པའི་རྣམ་ཐར་བོད་ཡིག་པོད་དྲུག་དང་། སྲས་གཉིས་ཀྱི་རྣམ་ཐར་པོད་གཅིག རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་བརྩམས་གནང་བའི་རྒྱལ་བ་པཎ་ཆེན་རིམ་བྱོན་གྱི་རྣམ་ཐར་པོད་གཅིག གོང་ས་སྐྱབས་མགོན་ཆེན་པོས་མཛད་པའི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་ཅེས་པའི་ཕྱག་དེབ་གཅིག སྐུའི་གསུང་སྒྱུར་མཁས་དབང་ཐུབ་བསྟན་སྦྱིན་པས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་གསར་བསྒྲིགས་ཨིན་ཡིག་དེབ་གཅིག ཚན་རིག་གི་དེབ་བདུན་བཅས་ཀྱང་དབུ་འབྱེད་གནང་སོང་།

ད་དུང་དགའ་ལྡན་བླ་སྤྱིའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་རིགས་གཅིག་རྐང་འཛིན་ཆེད་སློབ་གཉེར་བ་༦་ལ་ལོ་བཅུའི་རིང་སློབ་ཡོན་ཧིན་སྒོར་འབུམ་༣༥ རྗེ་ཙོང་ཁ་པའི་སློབ་ཡོན་མིང་ཐོག་ནས་ཕུལ་གནང་སོང་།

ཉིན་རྒྱབ་ནས་མཁས་དབང་རྣམ་པས་མུ་མཐུད་རྗེ་ཙོང་ཁ་པའི་རྣམ་ཐར་སྐོར་བགྲོ་གླེང་དང་གསུང་བཤད་གནང་ཡོད་པ་རེད།

དེ་རིང་ཉིན་རྒྱབ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་བྱང་རྩེ་གྲྭ་ཚང་དུ་ཞབས་སོར་འཁོད་ཏེ་ཕེབས་སྟོན་མཛད་སྒོ་གནང་ཡོད་པ་མ་ཟད་སང་ཉིན་ཕྱི་ཚེས་༢༢ ཉིན་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། གདན་ས་དགའ་ལྡན་དང་འབྲས་སྤུངས་བཅས་ཐུན་མོང་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་དེ་རྗེས་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་གནང་གི་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་གནས་ཚུལ་སྤེལ་བ་ཡིན།

XS
SM
MD
LG