ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་སྤྱི་ཁྱབ་ཁེ་རི་ལམ་གྱིས་ཕྱི་ཟླ་༡༢་པའི་ཚེས་༡༦་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་གཉིས་ལ་ཐུག་འཕྲད་བྱས་འདུག ཐེངས་འདིར་སྤྱི་ཁྱབ་ཁེ་རི་ལམ་གྱིས་ཧོང་ཀོང་གི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་གནས་སྟངས་ཅི་འདྲ་ཞིག་ལ་གྱུར་ཡོད་མེད་སོགས་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་གཉིས་ལ་སྙན་སེང་ཞུས། ཞིས་ཅིན་ཕིང་དང་ལི་ཁེ་ཆང་གཉིས་ཀྱིས་ཁེ་རི་ལམ་གྱི་ལས་དོན་སྒྲུབ་ཕྱོགས་ལ་བསྟོད་བསྔགས་བྱས་འདུག མ་འོངས་པར་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་ལྟར་ལས་དོན་བསྒྲུབ་དགོས། ཁྱད་པར་དུ་དེང་སྐབས་འབྱུང་བཞིན་པའི་སྤྱི་ཚོགས་ཀྱི་འགལ་ཟླ་དེ་དག་སེལ་དགོས་པའི་དགོས་འདུན་བཏོན་འདུག
ད་ལོའི་སྤྱི་ཟླ་༡༡་པའི་མགོ་སྟོད་དེར་ཧོང་ཀོང་འཛིན་སྐྱོང་གཞུང་གི་སྤྱི་ཁྱབ་ལ་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གིས་ཐུག་འཕྲད་བྱས་པ་དང་། ད་ཐེངས་ཀྱི་ཐུག་འཕྲད་ནི་ཉེ་ཆར་ཧོང་ཀོང་ལ་ས་གནས་འཐུས་མིའི་འོས་བསྡུ་བྱུང་ནས་རྒྱ་ནག་གི་ཕྱོགས་གཏོགས་ཧོང་ཀོང་གི་སྲིད་དོན་ཚོགས་པར་ཕམ་ཁ་ཆེན་པོི་བྱུང་བའི་རྗེས་སུ་ཧོང་ཀོང་གི་སྤྱི་ཁྱབ་པེ་ཅིང་དུ་བསྐྱོད་ཡོད་པ་སྟེ། མི་ཚོས་མ་འོངས་པར་ཧོང་ཀོང་འཛིན་སྐྱོང་གཞུང་གི་སྤྱི་ཁྱབ་ཀྱི་ཆབ་སྲིད་གོི་གནས་ལ་འགྱུར་ལྡོག་ཅི་ཞིག་འབྱུང་མིན་ཐད་དོགས་སློང་སྣ་ཚོགས་ཞིག་འབྱུང་བཞིན་ཡོད་མོད། འོན་ཀྱང་ད་སྔ་རྒྱ་ནག་གཞུང་གིས་ཁེ་རི་ལམ་ཧོང་ཀོང་སྤྱི་ཁྱབ་ཀྱི་ལས་གནས་ནས་འཕོ་འགྱུར་གཏོང་རྒྱིུ་རྣམ་འགྱུར་ཅི་ཡང་བསྟན་མེད་པར་མ་ཟད། ཐེངས་འདིའི་ཐུག་འཕྲད་སྐབས་སུའང་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གིས་ལོ་འདི་ཧོང་ཀོང་གི་བདག་དབང་རྒྱ་ནག་གིས་རྩིས་བླངས་ནས་བཟུང་སྟེ་ཧོང་ཀོང་གི་གནས་སྟངས་ཆེས་ཛ་དྲག་དང་རྙོག་འཛིང་ཆེ་བའི་ལོ་ཞིག་ཡིན། འདི་ལྟ་བུའི་དཀའ་ངལ་དང་གནོན་ཤུགས་ཆེན་པོའི་འོག་ཏུ་ཁེ་རི་ལམ་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་གཞིར་བཟུང་གིས་ཁྲིམས་ལ་བརྟེན་ནས་གནད་དོན་སྒྲུབ་དཀའ་བ་མང་པོ་ཞིག་ཐག་གཅོད་བྱུང་ཡོད། ད་ལྟའི་ཛ་དྲག་ཅན་གྱི་དུས་སྐབས་འདིར་ཁེ་རོ་ལམ་གྱིས་སྤོབས་པ་ཆེན་པོས་ལས་འགན་འཁྱེར་སྟངས་ལ་རྒྱ་ནག་དབུས་གཞུང་གིས་གདེང་འཇོག་ཆེན་པོ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་འདུག
ཟླ་བ་སྔོན་མར་ཞིས་ཅིན་ཕིང་གིས་ཧོང་ཀོང་གི་གནད་དོན་ལ་བཏོན་པའི་ལྟ་ཚུལ་གསུམ་ཐེངས་འདིར་བསྐྱར་བརྗོད་བྱས་འདུག་པ་སྟེ། རྒྱ་ནག་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདག་དབང་ལ་སྲུང་སྐྱོབ། བདེ་འཇགས་བརྟན་ལྷིང་ངང་དུ་ཧོང་ཀོང་ཡར་རྒྱས་གཏོང་དགོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་དང་ཕྱི་ལོགས་ནས་ཧོང་ཀོང་གི་ལས་དོན་ལ་ཐེ་ཇུས་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས་ཞེས་བསྟན། ད་ལོའི་སྤྱི་ཟླ་༦་པ་ནས་མགོ་བརྩམས་ཏེ་འདས་པའི་ཟླ་བ་དྲུག་གི་རིང་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཉིན་རེ་བཞིན་དམངས་གཙོི་དོན་གཉེར་གྱི་ངོ་རྒོལ་ལས་འགུལ་ལངས། ངོ་རྒོལ་ལས་འགུལ་དེ་མི་སྣ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱ་རྩིས་བྱས་པ་དེ་ནས་བྱུང་རུང་རིམ་བཞིན་རང་དབང་དང་དམངས་གཙོ་དོན་གཉེར་གྱི་ལས་འགུལ་ཞིག་གི་ངོ་བོར་གྱུར།
ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་མི་སྣ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཕྱིར་བསྡུ་བྱ་དགོས་ཞེས་འཐབ་རྩོད་བྱས་པར་གྲུབ་འབྲས་ཐོན། ཧོང་ཀོང་གི་ངོ་རྒོལ་བ་ཚོས་སྤྱི་ཁྱབ་ཁེ་རི་ལམ་གནས་དབྱུང་གཏོང་དགོས། མ་འོངས་པར་ཧོང་ཀོང་གི་འགོ་ཁྲིད་ཚོ་དམངས་གཙོའི་ལམ་ནས་མི་དམངས་ལ་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་དོན་ཚན་ཁག་༤་བཏོན་ཡོད་པ་རྣམས་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་བསྒྲུབས་མེད། རྒྱ་ནག་གཞུང་གིས་ད་ལྟའི་བར་དུ་ཧོང་ཀོང་གི་ལས་འགུལ་འདིར་སྐྱོན་བརྗོད་ཆེན་པོི་བྱེད་བཞིན་ཡོད་ཅིང་། ལས་འགུལ་འདིར་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་ཇུས་བྱེད་བཞིན་པའི་བསྙོན་འཛུགས་དང་སྐྱོན་བརྗོད་བྱས་ཀྱང་རྒྱ་ནག་གིས་ཧོང་ཀོང་གི་ལས་དོན་ལ་འོས་མིན་གྱི་ཐེ་ཇུས་བྱེད་ཀྱི་མེད་ཅེས་གསལ་བཤད་བྱས་འདུག