ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིན་ཅང་གི་བཀག་ཉར་ཁང་རྒྱ་གཞུང་གི་གསལ་བསྒྲགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་སྤྱི་ཟླ་༡༢་པའི་ཚེས་༩་ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་ཁང་གིས་ཞིན་ཅང་གི་ལས་དོན་ཐད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག གསར་འགོད་ལྷན་ཚོགས་ཐོག་ཏུ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཊ་ཁི་ཨར་གྱིས་ཞིན་ཅང་གི་སློབ་གསོ་བསྐྱར་མ་སྤེལ་སར་འབོད་བཞིན་པའི་བཀག་ཉར་ཁང་དེ་དག་གི་སྐོར་ལ་གསར་འགོད་པའི་དྲི་བར་ལན་འདེབས་བྱས་དོན། ད་ལྟ་ཞིན་ཅང་གི་ལག་ཤེས་སྦྱོང་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་མཁན་ཚང་མ་སློབ་མཐར་ཕྱིན་ཡོད། མ་འོངས་པར་མུ་མཐུད་དུ་སློབ་སྦྱོང་བྱེད་མཁན་ཚོའི་མངོན་འདོད་ལ་བརྩི་བཀུར་དང་འགྲོ་འདུག་ལ་རང་དབང་ཡོད། ཞིན་ཅང་གི་རོང་འབྲོག་མི་དམངས་དང་ལས་ཀ་མེད་པའི་དམའ་འབྲིང་སློབ་གྲྭ་མཐར་ཕྱིན་པའི་སློབ་ཕྲུག་ཚོར་ཟབ་སྦྱོང་སྤྲོད་རྒྱུ་ཡིན་ཞེས་བསྒྲགས། ཕྱིའི་རྒྱལ་ཁབ་ཀྱི་གསར་འགྱུར་ལས་ཁང་ཁག་ཅིག་གིས་ཞིན་ཅང་གི་ལག་ཤེས་སློབ་སྦྱོང་སྤྲོད་ཡུལ་ཁག་ཏུ་མི་ས་ཡ་༡་གམ། ཡང་ན་བརྒྱུད་ལམ་ཁ་ཤས་ཀྱིས་མི་ས་ཡ་༢་ཡས་མས་ཤིག་བཀག་ཉར་བྱས་ཡོད་པའི་གསར་འགྱུར་ལོག་པ་སྤེལ་འདུག འདི་ནི་གཞི་རྩ་འཛིན་ས་མེད་པའི་རྫུན་བཟོ་ཁོ་ན་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

ཐེངས་འདིའི་རྒྱ་ནག་གི་གསར་འགོད་ལྷན་ཚོགས་ལ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཊ་ཁི་ཨར་དང་གོ་ཁྲིད་གཞོན་པ་ཐུའུ་ཎི་ཡ་ཙི། ཞིན་ཅང་ཝུ་རུ་མུ་ཆི་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཤུའེ་ཧེ་རོང་། ཁཱ་ཞི་སྒར་ས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་བཅས་ཞིན་ཅང་གི་གནད་ཡོད་འགོ་ཁྲིད་ཁག་ཅིག་མཉམ་ཞུགས་བྱས་ཤིང་། ཁོ་ཚོས་དེ་སྔོན་༡༩༩༠་ནས་༢༠༡༦་བར་དུ་ཞིན་ཅང་ལ་མི་རིགས་ཁ་བྲལ་བ་དང་ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས། འཇིགས་སྐུལ་རིང་ལུགས་པ་སོགས་ཀྱིས་དྲག་སྤྱོད་ལས་འགུལ་ཐེངས་ཆིག་སྟོང་ལྷག་སྤེལ་ནས་ཉེས་མེད་ཀྱི་མི་མང་ལ་གནོད་འཚེ་བྱས་པར་མ་ཟད། སྤྱི་བདེ་མི་སྣ་སོགས་མི་བརྒྱ་ཕྲག་བརྒལ་བ་ཞིག་གིས་སྤྱི་དོན་ལ་རང་སྲོག་བསྔོས་ཡོད། མི་མང་གི་རྒྱུ་ནོར་ལ་གྱོང་གུད་ཚད་མེད་ཐེབས་ནས་སྤྱི་བའི་སྒྲིག་སྲོལ་ལ་གནོད་སྐྱོན་ཚབས་ཆེན་ཕོག འདས་པའི་ལོ་༣་གྱི་རིང་ལ་ཞིན་ཅང་གི་ས་གནས་ཁག་ཏུ་འཇིགས་སྐུལ་གྱི་གཏོར་རྒོལ་གཅིག་ཀྱང་བྱུང་མྱོང་མེད་ཅེས་བཤད།

ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཁག་མི་ལ་སློབ་གསོ་སྤྲོད་ས་ཡིན་རུང་ད་ལྟའི་བར་དུ་ཞིན་ཅང་ལ་འཇིགས་སྐུལ་བའི་གཏོར་རྒོལ་བྱུང་མེད་པས་གལ་ཆེན་ཞིག་ཏུ་བརྩིས་འདུག ཡིན་ནའང་ད་སྔ་རྒྱ་ནག་གཞུང་གིས་སྒྲོག་བཞིན་པའི་ལག་ཤེས་སློབ་སྦྱོང་གི་ལྟེ་གནས་ཁག་ཏུ་བཀག་ཉར་བྱས་མྱོང་མཁན་གྱི་ཡུ་གུར་བ་ཚོས་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་དུས་སུ་འགྲེལ་བཤད་བརྒྱབ་པ་ལྟར་ན། ཞིན་ཅང་གི་བཀག་ཉར་ཁང་དེ་དག་ནི་དོན་དངོས་སུ་མིའི་འགྲོ་འདུག་ལ་རང་དབང་མེད་པར་ཡུ་གུར་བའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་སོགས་ལ་སྒྱུར་བཀོད་གཏོང་སའི་བཀག་ཉར་ཁང་ལྟ་བུ་ཞིག་རེད་ཅེས་དག་སྐྱེལ་བྱས་འདུག ད་དུང་རྒྱལ་སྤྱིའི་གསར་འགོད་པའི་ཉམས་ཞིབ་ཚོགས་པ་སོགས་ཀྱིས་ཀྱང་ཞིན་ཅང་གི་ལག་ཤེས་སློབ་སྦྱོང་སྤྲོད་ས་ཡུལ་ཁག་གི་མཐའ་འཁོར་དུ་སོ་སྲུང་ཁང་མང་པོ་བརྒྱབ་ཡོད་པར་མ་ཟད། རྩིག་གྱང་ཡང་མཐོན་པོས་བསྐོར་འདུག གྱང་ཁང་གཟེ་མ་ར་མགོ་ལྕགས་དྲྭ་འཐེན་ཡོད་པ་བཅས་ལ་བལྟས་ན་བཙོན་ཁང་དང་གཅིག་པ་རེད་ཅེས་སྙན་ཐོ་བཏོན།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་བཀག་ཉར་ཁང་དེ་དག་གི་སྒོ་རྒྱག་དགོས་པའི་འབོད་སྐུལ་ཞུས། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་ཞིག་ཀྱང་གཏན་འབེབས་བྱུང་། དེ་རིང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེས་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་རྩ་བའི་རྩ་དོན་ལ་རྒྱབ་འགལ་བྱེད་ཀྱི་འདུག རྒྱ་ནག་གི་ནང་སྲིད་ལ་ཚུལ་མིན་གྱི་ཐེ་གཏོགས་བྱས་པ་ཞིག་རེད་ཅེས་དགག་པ་བརྒྱབ། ད་སྔ་རྒྱལ་སྤྱིའི་སྟེང་དུ་ཡོངས་གྲགས་སུ་རྒྱ་ནག་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་གཙོས་ཧ་ས་ཁ་བ་སོགས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་པའི་ངོས་འཛིན་བྱེད་བཞིན་པ་རེད།

XS
SM
MD
LG