ཟླ་འདིའི་ཚེས་༡༥་བར་དུ་ཨ་རི་དང་རྒྱ་ནག་གི་ཚོང་ལས་གྲོས་མཐུན་ལ་མཚན་རྟགས་འགོད་མ་ཐུབ་ཚེ། ཨ་མི་རི་ཀས་བསྐྱར་དུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་དུས་ཆད་དེར་ཐུག་ཡོད་ཅིང་། ཨ་རིའི་སྲིད་འཛིན་གྱིས་ཨ་རིར་མཚོན་ན་ཨ་རྒྱ་གཉིས་ཀྱི་ཚོང་ལས་གྲོས་མཐུན་འཇོག་རྒྱུར་རྒྱ་ནག་ལྟར་བྲེལ་བ་མེད་ཅེས་བརྗོད། གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱོགས་ནས་ཨ་རྒྱ་གཉིས་ཀྱི་ཚོང་དོན་སྐུ་ཚབ་ཚོགས་པས་བཀའ་བསྡུར་གནང་གི་ཡོད། འོན་ཀྱང་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་ཆག་ཡངས་གཏོང་དགོས། དེ་ནི་གྲོས་མཐུན་ལ་མོས་མཐུན་འབྱུང་རྒྱུའི་གོམ་པ་དང་པོ་ཡིན་ཞེས་ནན་བརྗོད་བྱས་འདུག
ཨ་མི་རི་ཀའི་གྲོས་ཚོགས་འོག་མར་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་ཞིག་ལ་རྒྱབ་སྐྱོར་གཏན་འབེབས་བྱུང་ཞིང་། ཡང་ཉིན་ཤས་སྔོན་དེར་སྲིད་འཛིན་གྱིས་རྒྱབ་སྐྱོར་ཐོབ་སྟེ་ཧོན་ཀོང་གི་དམངས་གཙོ་དང་རང་དབང་ལ་ཨ་རིའི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་པ་བཅས་འཕྲོ་རིམ་འཕྲོར་བྱུང་བའི་རྗེས་འདིར་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རི་དང་རྒྱ་ནག་གི་ལོ་རེའི་ཚོང་ཤག་གསོལ་སྟོན་ཟེར་བ་ཚོགས་ཏེ། རྒྱ་ནག་གི་གཞུང་ཚབ་ཆེན་མོས་རྒྱ་ནག་དང་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་བྷར་ལིན་རྩིག་གྱང་ཞིག་སློང་བཞིན་འདུག་ཅེས་སྐྱོན་བརྗོད་བྱེད་ཅིང་། ཨ་མི་རི་ཀས་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་ཏེ་ཚོང་འབྲེལ་དང་མ་རྩ་འཛུགས་འཇོག ཧོང་ཀོང་དང་ཞིན་ཅང་གི་གནད་དོན་བཅས་ལ་སྲིད་ཇུས་འཛིན་ཕྱོགས་ནི་མཐའ་ལྷུང་དང་ཕྱོགས་ཞེན་གྱི་ལྟ་ཚུལ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
དབྱེ་ཞིབ་པ་ཚོས་བརྗོད་ན་ཨ་རྒྱ་གཉིས་ཀྱི་ཚོང་ལས་ལ་གྲོས་མཐུན་ཞིག་ཡོང་རྒྱུའི་རེ་བ་ཆུང་དུ་སོང་བ་དང་། ཡང་སྲིད་འཛིན་ཊམ་གྱིས་མུ་མཐུད་དུ་འདི་ཟླའི་ཚེས་༡༥་ཉིན་མོར་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་འགོ་ཚུགས་རྒྱུའི་རྣམ་པ་ཇེ་གསལ་དུ་སོང་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག