ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཧོང་ཀོང་གི་ཁྲིམས་ཡིག་དང་རྒྱ་ནག་གི་རྒོལ་ལན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཕྱི་ཟླ་༡༢་པའི་ཚེས་༢་ཉིན་གསལ་བསྒྲགས་ཤིག་སྤེལ་ནས་ཨ་མི་རི་ཀའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བཀོད་འདུག དེ་ནི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་ནས་དངོས་སུ་རྒྱལ་ཁབ་ཀྱི་ཁྲིམས་ལ་གྱུར་པར་རྒྱ་ནག་གིས་རྒོལ་ལན་སློག་པ་ཞིག་ཡིན་ཞིང་། ཨ་མི་རི་ཀའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དེ་དག་གིས་རྒྱ་ནག་གི་ཉེས་གཅོད་ལ་ཁས་ལེན་བྱེད་ཀྱི་མིན། རྒྱ་ནག་གཞུང་གི་དམིགས་ཡུལ་ནི་མི་ཚོས་ཧོང་ཀོང་གི་གནས་སྟངས་ལ་དོ་སྣང་བྱེད་ཀྱི་ཡོད་པ་ཁ་ཕྱོགས་སྒྱུར་བྱ་རྒྱུའི་ཆེད་དུ་རེད་ཅེས་བསྟན། ཨ་མི་རི་ཀའི་གནད་ཡོད་གྲོས་ཚོགས་འཐུས་མི་ཞིག་གིས་ཀྱང་རྒྱ་ནག་སྲིད་གཞུང་གིས་དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ལ་ཉེས་ཆད་གཅོད་ཀྱི་ཡོད་པ་དེས་རྒྱ་ནག་གི་བྱ་སྤྱོད་ངོ་མ་གསལ་སྟོན་བྱུང་བ་རེད་ཅེས་བཀྲལ།

ཨ་མི་རི་ཀའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་སོགས་སྒྲིག་འཛུགས་ཁག་གིས་རྒྱ་ནག་ལ་དགག་པ་བརྒྱབ་སྟེ་ཧོང་ཀོང་གི་སྤྱི་དམངས་ཀྱི་ཁེ་དབང་དང་དམངས་གཙོའི་ཐོབ་ཐང་ལ་སྲུང་སྐྱོབ་དང་སྐུལ་འདེད་བྱེད་པར་མ་དངུལ་མཁོ་འདོན་བྱས་པ་ཡིན། འོན་ཀྱང་ཚོགས་པ་རྩ་འཛུགས་ཀྱི་ཆེད་དུ་མ་དངུལ་འདོན་སྤྲོད་བྱས་པའམ། ཡང་ན་ཧོང་ཀོང་བ་ཚོར་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་སྐུལ་འདེད་ཀྱང་བྱས་མེད་མྱོང་མེད་ཅེས་དག་འབུད་བྱས་འདུག ཨ་རིའི་རྒྱལ་ཡོངས་དམངས་གཙོའི་ཐེབས་རྩ་ཁང་གི་དབུ་འཛིན་གྷེར་ཤཱི་མན་གྱིས་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་སྲིད་གཞུང་དང་གཞུར་གཉེར་གསར་ཁང་ཁག་གིས་ཡང་ནས་ཡང་དུ་ང་ཚོའི་ཐེབས་རྩ་ཁང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་འཆར་འགོད་བྱེད་ཀྱི་ཡོད་པ་དང་དངུལ་སྒོར་འགྲོ་གྲོན་གཏོང་གི་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་ནི་དོན་དངོས་དང་རྩ་བ་ནས་མི་མཐུན། རྒྱ་ནག་གི་སྐྱོན་འཛུགས་རྣམས་མི་ཚོས་ཧོང་ཀོང་གི་གནས་སྟངས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དེའི་ཁ་ཕྱོགས་བསྒྱུར་རྒྱུའི་ཆེད་དུ་རེད། ཧོང་ཀོང་གི་ལས་འགུལ་དེ་ཧོང་ཀོང་མི་མང་གིས་སྤེལ་བའི་ལས་འགུལ་ཞིག་ཡིན་པ་དང་ང་ཚོའི་རེ་བར་པེ་ཅིང་སྲིད་གཞུང་གིས་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་མཚན་རྟགས་བཀོད་པའི་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་མཉམ་འབྲེལ་སྤྱི་བསྒྲགས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་ཚུལ་བཞིན་བསྟར་ནས་ཧོང་ཀོང་མི་མང་གི་གཞི་རྩའི་རང་དབང་ལ་འགན་སྲུང་བྱ་དགོས་ཞེས་བཤད།

ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གི་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན་ཐེབས་རྩ་ཁང་དེ་ཕྱི་ལོ་༡༩༨༣་ལོར་གསར་དུ་ཚུགས་ནས་གཞུང་འབྲེལ་མིན་པའི་ཁེ་གཉེར་གྱི་སྒྲིག་འཛུགས་ཤིག་ཏུ་གྱུར། ཐེབས་རྩ་ཁང་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་དམངས་གཙོའི་ལམ་ལུགས་གོང་འཕེལ་དང་སྐུལ་འདེད་བྱེད་པར་ལོ་ལྟར་མ་དངུལ་འབོར་ཆེན་ཞིག་རོགས་རམ་སྤྲད་ནས་རྒྱལ་ཁབ་༩༠་ལྷག་གི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་གི་ལས་གཞིའི་རྣམ་གྲངས་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ཁོ་ཚོའི་དྲྭ་རྒྱའི་ནང་དུ་ཐེབས་རྩ་ཁང་དེས་ཕྱི་ལོ་༢༠༡༨་ལོར་ཧོང་ཀོང་གི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ལ་ཨ་སྒོར་ཁྲི་ཚོ་༤༤་རོགས་རམ་སྤྲད་ཀྱང་ཕྱི་ལོ་༢༠༡༩་ལོར་ཧོང་ཀོང་གི་ལས་འཆར་ཁག་ལ་རྒྱབ་སྐྱོར་གྱི་རོགས་དངུལ་སྤྲོད་འཆར་མེད་ཅེས་འཁོད།

ཕྱི་ལོ་༡༩༨༣་ལོར་ཨ་མི་རི་ཀའི་རྒྱལ་སྤྱིའི་ལས་དོན་དམངས་གཙོ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བ་དེར་ཚོགས་པ་རིས་མེད་ཀྱི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དང་རྒྱལ་ཁབ་༧༠་ལྷག་གི་ལས་རོགས་ཚོར་མཉམ་འབྲེལ་གྱིས་ལས་དོན་ཁག་ཕྱི་གསལ་ནང་གསལ་བྱས་ནས་བསྒྲུབ་དགོས་པ་དང་འགན་འཁྲི་ལེན་རྒྱུ། དཀའ་ངལ་ལ་གདོང་ལེན་དང་བཟོད་སྒོམ་གྱིས་དམངས་གཙོའི་རྩ་དོན་ཁག་དར་སྤེལ་གཏོང་དགོས་ཞེས་བསྟན། ལྷན་ཚོགས་དེའི་དབུ་འཛིན་དང་སྔོན་ཆད་འབར་མར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་ཌེ་རིཀ་མཱི་ཤཱེལ་གྱིས་ཕྱི་ལོ་༡༩༩༧་ལོ་ནས་བཟུང་། ཨ་མི་རི་ཀའི་རྒྱལ་སྤྱིའི་ལས་དོན་དམངས་གཙོ་ལྷན་ཚོགས་ཀྱིས་ཧོང་ཀོང་གི་ཞི་བའི་རྒྱུད་རིམ་དང་སྤྱི་དམངས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་རྩ་འཛིན་དང་ཚད་མཐོའི་རང་སྐྱོང་སྤྲོད་རྒྱུའི་ཁས་ལེན་བྱས་པ་དོན་འཁྱོལ་བྱ་དགོས་ཞེས་བཀོད།

ནེའུ་ཡོག་གྲོང་ཁྱེར་དུ་གཞིས་ཚུགས་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཡང་རྒྱ་ནག་སྲིད་གཞུང་གིས་ཉེས་ཆད་གཅོད་རྒྱུའི་ཁོངས་སུ་ཚུད་ཅིང་། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དེའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན་གྱིས་རེས་གཟའ་ཟླ་བའི་ཉིན་འདི་ག་ཨ་མི་རི་ཀའི་རླུང་འཕྲིན་ཁང་ལ་ངས་གལ་གནད་ཆེ་ཤོས་དེ་རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་གི་ས་གནས་ཁག་གི་མི་དམངས་ཀྱི་ཁེ་དབང་དང་། དེ་དག་གི་ནང་ནས་ཀྱང་ཧོང་ཀོང་དང་ཞིན་ཅང་། བོད་དང་རྒྱ་ནག་གི་ས་གནས་གཞན་ཁག་གི་མི་དམངས་ཀྱི་ཁེ་དབང་རྣམས་རྩེད་མོ་རྩེད་སྤྱད་ཅིག་ཏུ་མི་བསྒྱུར་པར་མི་དམངས་ཀྱི་ཁྲིམས་མཐུན་གྱི་རེ་བ་གལ་ཆེར་འཛིན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཞེས་བཤད་འདུག

XS
SM
MD
LG