ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཁོང་གི་ངོ་རྒོལ་ལས་འགུལ་དང་ཡུལ་སྐོར་སྤྲོ་འཆམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧོང་ཀོང་ལ་དུས་ཡུན་ཟླ་བ་༦་གི་རིང་དུ་ངོ་རྒོལ་ལས་འགུལ་བྱུང་སྟེ་མངའ་ཁུལ་དེའི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་བཅས་ཕྱོགས་གང་ཐད་དུ་བརྡབ་གསིག་ཆེན་པོ་ཞིག་ཐེབས། ༢༠༡༩་ཧྲིལ་པོར་ཧོང་ཀོང་ལ་ཡུལ་སྐོར་སྤྲོ་འཆམ་པའི་སྤྱིའི་གནས་སྟངས་ལ་གཞིགས་ཚེ། དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེ་སྔར་བཞིན་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་དགའ་མོས་ཆེན་པོ་བྱེད་པའི་གྲོང་ཁྱེར་གྱི་གོ་རིམ་དེ་ནས་མར་ལྷུང་མི་འདུག་ཅེས་རྒྱལ་སྤྱིའི་ཁྲོམ་རའི་ཉམས་ཞིབ་ཚོགས་པས་ཞིབ་འཇུག་སྙན་ཐོ་བཏོན་པ་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གི་འདྲེན་བཀོད་བྱས་འདུག

སྤྱིར་བཏང་ཧོང་ཀོང་ལ་ལོ་འདིའི་སྤྱི་ཟླ་༦་ནས་བཟུང་སྟེ་ཕལ་ཆེར་བདུན་ཕྲག་རེ་རེར་ངོ་རྒོལ་ལས་འགུལ་རྒྱ་ཆེན་པོི་རེ་སྤེལ་ཡོད་པར་བརྟེན། ཧོང་ཀོང་གི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་འགྲོ་རྒྱུ་དེར་གནོད་སྐྱོན་ཚབས་ཆེན་ཕོག་ཀྱང་ལོ་འདིའི་སྤྱི་ཟླ་༡་ནས་སྤྱི་ཟླ་༦་པ་བར་དུ་ཧོང་ཀོང་ལ་ཡུལ་སྐོར་སྤྲོ་འཆམ་པ་སླེབས་པའི་གྲངས་ཀ་ནི་སྔ་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ་༡༤་འཕར་་སྣོན་ཕྱིན་ཡོད་ཅིང་། སྤྱི་ཟླ་༦་ནང་དུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་མགོ་བརྩམས། སྤྱི་ཟླ་༧་པ་ནས་ཧོང་ཀོ་ལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་གྱི་གྲངས་ཀ་ལྟོས་བཅས་ཀྱིས་ཉུང་དུ་སོང་། སྤྱི་ཟླ་༨་པའི་ནང་དུ་ལོ་སྔོན་མ་དང་བསྡུར་ན་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཚད་བརྒྱ་ཆའི་༤༠་མར་ཆག་འདུག

འདི་ནི་ཧོང་ཀོང་གཙོས་ཨེ་ཤི་ཡའི་ས་ཁུལ་ཁག་ཅིག་གི་ནང་དུ་གཅིག་ནས་རྒྱལ་སྤྱིའི་འགྲུལ་ལམ་གྱི་གནས་བབ་བཟང་བ་དང་། གཉིས་ནས་མི་རྣམས་ཀྱི་དཔལ་འབྱོར་གྱི་མཐུན་རྐྱེན་ཇེ་ལེགས་སུ་སོང་བ་བཅས་ཀྱིས་སྤྱིིའི་ཆ་ནས་ཧོང་ཀོང་སོགས་ཨེ་ཤི་ཡའི་ས་ཁུལ་ཁག་ཅིག་གི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་ཞིང་། རྒྱལ་སྤྱིའི་ཁྲོམ་རའི་ཉམས་ཞིབ་ཚོགས་པས་༢༠༡༣་ལོར་ཐེངས་དང་པོར་སྙན་ཐོ་བཏོན་པ་ནས་ད་ལྟའི་བར་དུ་འཕེལ་རྒྱས་ཀྱི་ཚད་དེ་ཧ་ཅང་བརྟན་པོ་དང་འཕེལ་རྒྱས་ཀྱི་ངང་དུ་འདུག་ཅེས་བཀོད། ཧོང་ཀོང་དུ་ལོ་ཧྲིལ་པོར་ཆ་སྙོམས་ཀྱི་ཡུལ་སྐོར་ལས་རིགས་དེ་ལོ་སྔོན་མ་དང་བསྡུར་ན་ཉམ་ཆག་བྱུང་མེད་ཀྱང་རྩ་བའི་ཆ་ནས་མི་རྣམས་ཀྱི་འཚོ་བར་བརྡབ་གསིག་ཆེན་པོ་ཐེབས། རྒྱ་ནག་གཞུང་དང་ཧོང་ཀོང་འཛིན་སྐྱོང་གཞུང་གིས་འདི་ནི་ཧོང་ཀོང་རང་བཙན་གྱི་ཁ་བྲལ་བ་དང་། ཕྱིའི་རྒྱལ་ཁབ་ཀྱི་ངན་སྐུལ་འོག་ཏུ་བྱུང་བའི་གནས་ཚུལ་ཞིག་རེད་ཅེས་སྐྱོན་བཙུགས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་ལ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་མ་བྱས་པའི་བྱས་ཉེས་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་འདུག

དེ་རིང་སྤྱི་ཚེས་༣་ཉིན་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རང་དབང་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་ཚོགས་པའི་འགན་འཛིན་གྱིས་ཧོང་ཀོང་གི་གནད་དོན་ལ་གཏམ་བཤད་སྤེལ། རང་དབང་ཁང་གིས་ལོ་ངོ་༧༨་ཀྱི་རིང་ལ་འཛམ་གླིང་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱས་ཡོད། ང་ཚོའི་དམིགས་ཡུལ་དང་ལས་འགན་འཁྱེར་ཕྱོགས་ཀྱི་ཆ་ནས་ཧོང་ཀོང་མི་དམངས་ཀྱི་ཕྱོགས་སུ་ལངས་ཡོད། རྒྱ་ནག་གཞུང་དང་དབྱིན་གཞུང་གིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྲོས་མཐུན་བཞག་པའི་མཉམ་འབྲེལ་གསལ་བསྒྲགས་ལ་རྒྱ་ནག་གིས་བརྩི་འཇོག་དགོས་ཞེས་འབོད་སྐུལ་ཞུས། དེ་བཞིན་ང་ཚོའི་རང་དབང་དམངས་གཙོ་དོན་དུ་གཉེར་རྒྱུའི་ཁྲིམས་མཐུན་གྱི་དམིགས་ཡུལ་འདི་དག་བསྒྲུབ་རྒྱུར་རྒྱ་ནག་དམར་ཤོག་ཚོགས་པས་ཆོག་མཆན་ཡོད་མེད་ལ་ཁ་ཡ་བྱེད་ཀྱི་མིན་ཞེས་བཤད། ཉེ་ཆར་ཨ་རིའི་སྲིད་འཛིན་གིས་ཨ་རིའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ལ་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་པར་རྒྱ་ནག་གཞུང་གིས་ཡ་ལན་སློག་རྒྱུའི་ཆེད་དུ་ཁ་སང་སྤྱི་ཚེས་༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་རང་དབང་ཁང་འདུས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་ལ་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG