ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཡུ་གུར་བའི་གསར་འགོད་པར་གནོན་ཤུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཕྱི་ལ་ཡོད་པའི་ཞིན་ཅང་གི་གསར་འགོད་པ་ཚོར་འཇིགས་སྐུལ་བྱེད་པའི་ཆེད་དུ་རྒྱ་ནག་ཏུ་ཡོད་པའི་གསར་འགོད་པ་དེ་དག་གི་བཟའ་མི་རྣམས་འཛིན་བཟུང་དང་བཀག་ཉར་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་འདུག ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དུ་ཡུན་རིང་ཕྱག་ལས་གནང་མྱོང་བའི་བུད་མེད་གསར་འགོད་པ་གྷོ་ཆི་ར་ཧོ་ཅཱའི་ནུ་བོ་རྒྱ་གཞུང་གིས་བཀག་ཉར་བྱས་ཡོད་པར་མ་ཟད། ཁོ་མོའི་ཕ་མ་གཉིས་གཙོས་གཉེན་ཚན་རྣམས་ལའང་འདྲི་རྩད་བྱས་ཏེ། ཁོ་ཚོའི་རྒྱུན་ལྡན་གྱི་འཚོ་བར་བར་ཆད་དང་ཕོག་ཐུག་བཏང་ནས་འཇིགས་སྐུལ་བྱེད་བཞིན་འདུག་ཅེས་གནས་ཚུལ་ཐོན།

ཁོ་ཚོར་ཕྱི་རྒྱལ་དུ་ཡོད་པའི་རང་གི་ཉེ་དུ་རྣམས་ཞིན་ཅང་ལ་ཕྱིར་ལོག་བྱ་དགོས་པའི་གནོན་ཤུགས་སྤྲོད་དུ་འཇུག་གི་ཡོད་ཅིང་། ཧོ་ཅཱས་སྤེལ་བའི་གསར་འགྱུར་རྣམས་རྒྱ་ནག་གིས་དམིགས་བསལ་གྱིས་བཀག་སྡོམ་བྱེད་བཞིན་པའི་གནས་ཚུལ་འབྱུང་ཡོད་པ་རེད། ལོ་ན་༧༢་ལ་སོན་པའི་གསར་འགོད་པ་གྷོ་ཆི་ར་ཧོ་ཅཱའི་ཨ་མས་ང་ཚོར་རྟག་ཏུ་རྒྱ་གཞུང་གིས་འཇིགས་སྐུལ་དང་མནར་གཅོད་གཏོང་གི་ཡོད་ཀྱང་ང་ཚོ་ཁྱོད་ཀྱི་ལས་ཀ་དེར་སྤོབས་པ་ཡོད། ཁྱོད་ཀྱིས་སྔར་ལས་ལྷག་པར་ལས་དོན་སྒྲུབས་ཤིག་ཞེས་ཁ་པར་ནང་དུ་བུ་མོར་འབོད་སྐུལ་ཞུས་འདུག

རྒྱ་ནག་གི་ནུབ་བྱང་ཕྱོགས་སུ་ཆགས་པའི་ཞིན་ཅང་ས་ཁུལ་ལ་མཚོན་ན་རྒྱ་ནག་གཞུང་གིས་གསང་བ་ཆེན་པོས་ལོ་མང་རིང་ས་གནས་དེའི་ཡུ་གུར་བ་གཙོས་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་བཀག་ཉར་དང་ཡུ་གུར་བའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་རྩ་བརླག་དུ་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་ཡོད་པ་སྟེ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱི་གསར་འགོད་པ་གྷོ་ཆི་ར་ཧོ་ཅཱ་དང་ལས་རོགས་མི་བཅུ་གྲངས་ཤིག་གིས་ཞིན་ཅང་གི་གནས་སྟངས་སྐོར་གྱི་གསར་འགྱུར་མང་པོ་སྤེལ་གྱི་ཡོད་ཅིང་། གལ་སྲིད་ཁོ་ཚོས་འབད་བརྩོན་བྱས་མེད་ན་འཛམ་གླིང་ཕྱི་ནས་ཞིན་ཅང་གི་གནས་ཚུལ་རྣམས་ཤེས་རྟོགས་གཏན་ནས་ཐུབ་མེད་པའི་ཉེན་ཀ་ཡོད་ཅེས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་སྤེལ་འདུག ན་ནིང་སྤྱི་ཟླ་༣་པའི་ནང་དུའང་རྒྱ་ནག་གཞུང་གིས་ཆེས་མ་མཐར་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་༤་ལ་ཞིན་ཅང་དུ་ཡོད་པའི་བཟའ་མི་ཚོ་བཀག་ཉར་བྱས་འདུག ཁོ་ཚོའི་གྲས་སུ་ལོ་ན་༡༧་རིང་གསར་འགོད་པའི་ཆེད་ལས་བསྒྲུབས་མྱོང་མཁན་ཞིག་གི་ཉེ་འབྲེལ་བཅས་མི་༢༠་ཐམ་པ་རྒྱ་གཞུང་གིས་བཀག་ཉར་བྱས་མྱོང་བ་རེད།

སྐབས་དེར་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས་གསར་འགོད་པའི་བཟའ་མི་འཛིན་བཟུང་བྱས་པའི་གྲས་ནས་ཆེས་མ་མཐར་ཡང་མི་༩་མུ་མཐུད་དུ་བཀག་ཉར་བྱས་ཡོད་པ་ངེས་གཏན་བྱུང་། ཡུ་གུར་བའི་གསར་འགོད་པ་དེ་དག་གིས་རང་གི་བཟའ་མི་རྣམས་ལུས་ཁམས་བདེ་ཐང་ཡིན་མིན་གསལ་བཤད་བྱ་དགོས་པ་དང་། ཁོ་ཚོ་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་མྱོང་ཡོད་པ་རེད། ཞིན་ཅང་ལ་མཚོན་ན་ད་ལྟའི་བར་དུ་མི་ས་ཡ་༡་ལྷག་བཀག་ཉར་ཁང་གི་ནང་དུ་བཅུག འདི་ཙམ་ན་རྒྱ་ནག་དབུས་གཞུང་གིས་བསྐོ་བཞག་བྱས་པའི་ཞིན་ཅང་ས་གནས་ཀྱི་ལས་བྱེད་པ་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པའི་གནས་སྟངས་ནི་ཧ་ཅང་གི་ཚབས་ཆེན་ཞིག་ཏུ་གྱུར་ཡོད་པ་སྟེ། དེ་རིང་སྤྱི་ཟླ་༡༢་པའི་ཚེས་༢་ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་ཞིན་ཅང་གི་ཝུ་རུ་མུ་ཆི་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་པ། ད་ལྟ་རྒྱ་ནག་དབུས་ནུས་ཤུགས་ཐོན་ཁུངས་ལྷན་ཁང་གི་འགོ་ཁྲིད་ཡིན་པ་ནུའུ་ཨར་པེ་ཁི་རོས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ཁོ་པས་དེ་སྔོན་ཞིན་ཅང་དུ་ལས་ཀ་བྱས་པའི་སྐབས་སུ་མི་སྒེར་པ་དང་ལས་ཁུངས་སོགས་ཀྱིས་སྤྲད་པའི་ལྐོག་རྔན་ཏེ། དམངས་ཤོག་སྒོར་ཁྲི་༧༩༡༠་བླངས་པའི་ནག་ཉེས་ཐོག་ཏུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཡིན་ཞེས་རྒྱ་ནག་ཧྲིན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG