ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཞིས་ཅིན་ཕིང་གིས་ཚོང་དོན་གླེང་སློང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་སྤྱི་ཚེས་༢༢་ཉིན་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གིས་ཨ་རྒྱ་གཉིས་ཀྱིས་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེ་འཇོག་ཐུབ་རྒྱུའི་རེ་བ་འཆང་གི་ཡོད། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཚོང་དམག་འཁྲུག་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་དགོང་ངེས་བྱུང་ན་རྒྱ་ནག་གིས་ཚོང་དམག་འདིར་ཡ་ལན་ནན་པོ་ཞིག་སློག་རྒྱུ་དེར་འཛེམ་ཟོན་མེད་ཅེས་བཤད།

ཨ་རི་དང་རྒྱ་ནག་ལ་ཚོང་ལས་ཀྱི་འགལ་ཟླ་བྱུང་ནས་དུས་ཡུན་ལོ་གཅིག་ལྷག་འགྲོ་བཞིན་ཡོད་ཅིང་། ཟླ་སྔོན་མར་ཕྱོགས་གཉིས་ཀ་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེ་འཇོག་རྒྱུའི་མོས་མཐུན་བྱུང་རུང་དེའི་རྗེས་སུ་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀས་བརྡ་ལན་འདྲ་མིན་སྣ་ཚོགས་སྤེལ་བས་གྲོས་མཐུན་རིམ་པ་དང་པོ་འཇོག་ཐུབ་རྒྱུ་ཡིན་མིན་དོགས་གནས་སུ་གྱུར། སྲིད་འཛིན་ཌོ་ནལ་ཊམ་གྱིས་བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཨ་རི་དང་རྒྱ་ནག་གིས་ཚོང་ལས་གྲོས་མཐུན་ཞིག་འཇོག་མ་ཐུབ་ཚེ། ད་དུང་མུ་མཐུད་དུ་རྒྱ་ནག་ནས་ཨ་རིར་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་ཕྱི་ཚེས་༢༢་ཉིན་པེ་ཅིང་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་ཆེན་ལ་མཉམ་ཞུགས་བྱས་ནས་ང་ཚོས་ཕན་ཚུན་གུས་བརྩི་དང་འདྲ་མཉམ་གྱི་རྨང་གཞིའི་ཐོག་ཏུ་ཨ་རི་ལ་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེ་འཇོག་ཐུབ་རྒྱུའི་རེ་བ་འཆང་ཡོད་ཅེས་བཤད། ཐེངས་འདིའི་གླེང་སྟེགས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྟེ། ཨ་རི་དང་རྒྱ་ནག་གི་ཕྱི་འབྲེལ་འཛུགས་མཁན་གནད་ཡོད་མི་སྣ་ཧན་རི་ཁེ་སན་ཇར་མཉམ་ཞུགས་ཀྱིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱས་འདུག

ཞིས་ཅིན་ཕིང་གིས་སྐབས་དེར་ད་ལྟ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་གནད་འགག་ཅན་གྱི་དུས་སྐབས་ཤིག་ཏུ་སླེབས་ཡོད། ང་ཚོས་དཀའ་ངལ་མང་པོ་ཞིག་སེལ་དགོས་པའི་དུས་སུ་སླེབས་ཡོད་པས་ཨ་རི་དང་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་གནད་དོན་གལ་ཆེན་ཁག་ལ་ཡང་དང་བསྐྱར་དུ་གྲོས་བསྡུར་བྱེད་ཐུབ་པའི་འབད་བརྩོན་བྱ་དགོས། ང་ཚོས་ཕན་ཚུན་གོ་ནོར་མི་ཐེབས་པ་དང་ཕན་ཚུན་བསམ་ཤེས་ཐུབ་པ། གཅིག་གིས་གཅིག་ལ་རྒྱུས་ལོན་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་ཞེས་བཤད། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཞིན་ཧྭ་གསར་ཁང་གིས་ཀྱང་ཞིས་ཅིན་ཕིང་པེ་ཅིང་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་མཉམ་ཞུགས་བྱས་ནས་ཕྱིའི་རྒྱལ་ཁབ་ཀྱི་སྐུ་ཚབ་ཁག་ལ་ཐུག་འཕྲད་བྱས་ཡོད་པ་དང་། དེ་བཞིན་ཞིས་ཅིན་ཕིང་གིས་བརྗོད་བཞིན་པའི་རྒྱ་ནག་གི་འདུན་མ་དང་རྒྱ་ནག་གིས་ཕྱི་ལ་ཁྲོམ་ར་སྒོ་འབྱེད་བྱ་རྒྱུ་སོགས་ཀྱི་གཏམ་བཤད་བྱས་ཡོད་པའི་གསར་འགྱུར་ཞིབ་ཕྲ་སྤེལ་འདུག

ཧ་ཅང་ཁྱད་མཚར་ཞིག་ལ་ཞིས་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གི་ཚོང་དོན་ལ་འགལ་ཟླ་ཡོད་པའི་གཏམ་བཤད་བྱས་པ་རྣམས་གཅིག་ཀྱང་གསར་འགྱུར་ནང་ལ་བཀོད་མེད་ཅིང་། མི་རིང་བར་ཨ་རི་དང་རྒྱ་ནག་གིས་ཚོང་ལས་གྲོས་མཐུན་རིམ་པ་དང་པོ་དེ་འཇོག་ཐུབ་རྒྱུའི་རེ་བ་ཆེན་པོི་ཞིག་འཆང་བཞིན་པའི་སྐབས་འདིར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་གཏན་འབེབས་བྱས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཆེན་པོ་བྱས་ནས་ཨ་མི་རི་ཀར་ཡ་ལན་ནན་པོ་སློག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག དེར་བརྟེན་དབྱེ་ཞིབ་པ་ཚོས་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཧོང་ཀོང་གི་ཁྲིམས་གཞི་འདིས་ཨ་རྒྱ་གཉིས་ཀྱི་ཚོང་ལས་གྲོས་མཐུན་འཇོག་རྒྱུར་འགོག་རྐྱེན་ཐེབས་པའམ། ཡང་ན་ཚོང་ལས་ཀྱི་འགལ་ཟླ་སྔར་ལས་སྡུག་ཏུ་གཏོང་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

ཉེ་ཆར་སྤྱི་ཚེས་༢༡་ཉིན་ཨ་རྒྱ་གཉིས་ཀྱི་ཚོང་ལས་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུ་ཡིན་མིན་ལ་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀོ་ཧྥུན་ལ་གསར་འགོད་པས་དྲི་བ་དྲིས་སྐབས་ང་ལ་གནད་དོན་འདིའི་ཐད་དུ་ཕྱིར་བསྒྲགས་བྱེད་ཆོག་པའི་གནས་ཚུལ་མང་པོ་ཞིག་བཤད་རྒྱུ་མེད། ཕྱི་ལ་ཁྱབ་བཞིན་པའི་གནས་ཚུལ་དེ་རྣམས་བདེན་པ་མ་རེད་ཅེས་བཤད། ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་ལ་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེས་ཨ་རིའི་ཚོང་དོན་སྐུ་ཚབ་རྣམས་པེ་ཅིང་ལ་ཕེབས་དགོས། བདུན་ཕྲག་རྗེས་མའི་གཟའ་ཕུར་བུའི་ཉིན་ཨ་རིའི་དྲིན་གཟོའི་དུས་ཆེན་ལ་ཁེལ་ཡོད་པ་དེའི་སྔོན་དུ་གྲོས་མོལ་ཞིག་བྱེད་ཐུབ་རྒྱུའི་རེ་བ་འཆང་གི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG