རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཉེ་ལམ་རྒྱ་ནག་གིས་ཞི་བདེ་རྒྱ་མཚོ་མངའ་ཁུལ་ལ་ཤུགས་རྐྱེན་ཇེ་ཆེར་གཏོང་ཐབས་སུ་ ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་རྒྱ་ནག་གི་ཕྱོགས་སུ་འགུགས་ཐབས་བྱ་རྒྱུ་ཤུགས་ཆེ་རུ་བཏང་བར་ཨ་མི་རི་ཀ་གཙོས་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་བློ་འཚབ་ཡོང་གི་ཡོད་མོད། འོན་ཀྱང་ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་སུ་ཆགས་པའི་ཐུ་ཝྭ་ལུ་མཚོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སེ་མོན་ཀོ་ཧྥེས་ཕྱི་ཚེས་༢༠་སྟེ། རེས་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་མཇལ་འཕྲད་གནང་སྟེ་ཐུ་ཝྭ་ལུ་ཡུལ་གྲུ་འདི་ཐེ་ཝན་གྱི་ཡིད་རྟོན་རུང་བའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་གི་ངོ་བོར་མུ་མཐུད་དུ་གནས་རྒྱུ་ཡིན་ཞེས་ཁས་ལེན་གནང་འདུག
ཐུ་ཝྭ་ལུའི་ཕྱི་སྲིད་བློན་ཆེན་ཀོ་ཧྥེས་ང་ཚོའི་སྲིད་བློན་ཀོ་སི་ན་ཐ་ནོ་ཟླ་བ་རྗེས་མར་ཐེ་ཝན་ལ་གཟིགས་སྐོར་དུ་ཕེབས་འཆར་ཡོད། ཐེ་ཝན་དང་ཐུ་ཝྭ་ལུ་གཉིས་ཀྱིས་མངའ་ཁུལ་དེར་རྒྱ་ནག་གི་ཐེ་གཏོགས་བྱ་རྒྱུ་ཤུགས་ཇེ་ཆེར་འགྲོ་བཞིན་པར་ཁ་གཏད་གཅོག་རྒྱུར་མངའ་ཁུལ་དེའི་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་མར་ཤཱལ་མཚོ་གླིང་དང་ཕཱ་ལོ། ནོ་ར་དང་ཐུ་ཝྭ་ལུ་བཅས་རྒྱལ་ཁབ་བཞིས་ཐེ་ཝན་གྱི་མཛའ་གྲོགས་ཡུལ་ཁག་གི་མཐུན་ཚོགས་ཤིག་གསར་འཛུགས་བྱ་རྒྱུའི་གྲོས་གཞི་བཏོན། ཐུ་ཝྭ་ལུའི་ཕྱི་སྲིད་བློན་ཆེན་སེ་མོན་ཀོ་ཧྥེས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཐུ་ཝྭ་ལུར་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱ་རྒྱུའི་གྲོས་གཞི་བཏོན་རུང་ང་ཚོས་དེ་ལ་མོས་མཐུན་བྱས་མེད་ཅེས་གསུངས་ཡོད་པར་མ་ཟད། ཁོང་གིས་རྒྱ་ནག་གི་ཤུགས་རྐྱེན་ལ་འགོག་རྒོལ་གྱི་ཚུལ་དུ་མངའ་ཁུལ་འདིར་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཞན་ཁག་ལ་མཉམ་འབྲེལ་བྱས་ནས་མངའ་ཁུལ་གྱི་མཐུན་སྒྲིལ་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ད་རེས་ཐུ་ཝྭ་ལུ་རྒྱལ་ཁབ་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་དང་མཐུན་ཕྱོགས་སུ་མུ་མཐུད་དུ་གནས་རྒྱུའི་ཁས་ལེན་བྱས་པ་ནི་འདས་པའི་ལོ་ཤུ་ཡས་མས་ཤིག་གི་རིང་ དུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་འགའ་ཞིག་རྒྱ་ནག་ཕྱོགས་སུ་གྱུར་ནས་རྒྱ་ནག་གིས་མངའ་ཁུལ་དེར་ཤུགས་རྐྱེན་ཇེ་ཆེར་གཏོང་ཐབས་བྱེད་བཞིན་པའི་སྐབས་དང་། ལོ་རྗེས་མའི་མགོ་སྟོད་དེར་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་སླར་ཡང་ལས་དུས་གཉིས་པའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་རྒྱུར་ཉེ་བའི་སྐབས་སུ་བྱུང་བ་ཞིག་ཡིན་པས་ཐེ་ཝན་ལ་གནད་དོན་འདི་གལ་གནད་ཆེན་པོ་ཆགས་ཡོད་པ་སྟེ། རྒྱ་ནག་གིས་ཨ་ཧྥི་རི་ཀ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་དང་ཚོང་འབྲེལ་རྒྱ་སྐྱེད། དེ་བཞིན་འཛུགས་སྐྲུན་གྱི་ལས་གཞི་གསར་འཛུགས་བྱས་ནས་མངའ་ཁུལ་དེ་དག་གི་ནང་དུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ ཁབ་ཁག་རྒྱ་ནག་ཕྱོགས་སུ་འགུགས་ཐབས་བྱེད་པའི་ལས་འགུལ་ཤུགས་ཆེ་རུ་བཏང་འདུག དཔེར་ན་ཉེ་བའི་ཟླ་ཤས་ནང་དུ་ཞི་བདེ་རྒྱ་མཚོའི་མཚོ་གླིང་རྒྱལ་ཁབ་ཀི་རི་བ་ཏི་དང་སོ་ལོ་མོན་གཉིས་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་གསར་དུ་བཙུགས།
ཏུ་ཝ་ལུའི་ཕྱི་སྲིད་བློན་ཆེན་སེ་མོན་ཀོ་ཧྥེས་བཤད་པ་ལྟར་ན་ཉེ་ཆར་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་གིས་ཐུ་ཝྭ་ལུའི་ས་གནས་ཡུལ་མི་ཚོར་འབྲེལ་བ་བྱས་ནས་གླིང་ཕྲན་གསར་སྐྲུན་བྱ་རྒྱུར་ཨ་སྒོར་ས་ཡ་༤༠༠ ལྷག་གི་དཔལ་འབྱོར་རོགས་རམ་སྤྲོད་རྒྱུའི་གྲོས་གཞི་བཏོན་འདུག ཡིན་ནའང་ང་ཚོས་རྒྱ་ནག་གི་རོགས་རམ་དེ་དག་ལ་ངོས་ལེན་བྱས་མེད། རྒྱ་ནག་གིས་མཚོ་གླིང་རྒྱལ་ཁབ་འདི་དག་གི་ནང་དུ་དངུལ་བུན་བསྐྱིས་ནས་ལས་གཞི་གསར་པ་གཉེར་པ་དང་དམག་སྒར་གསར་འཛུགས་བྱེད་ཀྱི་ཡོད་པ་མང་པོ་ཞིག་ང་ཚོས་གོ་ཐོས་བྱུང་སོང་། ང་ཚོ་དེ་ལ་བློ་འཚབ་ཡོད། མངའ་ཁུལ་འདིའི་རྒྱལ་ཁབ་ཚང་མས་རྒྱ་ནག་གི་དཔལ་འབྱོར་རོགས་རམ་ལ་མཇུག་འབྲས་ངན་པ་ཞིག་ཡོད་པར་དོགས་ཟོན་གཟབ་ནན་བྱ་དགོས་ཀྱི་རེད་ཅེས་ཉེན་བརྡ་བཏང་འདུག རྒྱ་ནག་གིས་ཞི་བདེ་རྒྱ་མཚོ་མངའ་ཁུལ་ལ་དཔལ་འབྱོར་རོགས་རམ་སྤྲད་ནས་ཤུགས་རྐྱེན་རྒྱ་སྐྱེད་བྱེད་བཞིན་པར་ཨ་མི་རི་ཀ་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི་བཅས་ཀྱིས་ཀྱང་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་སྟེ་ཨ་མི་རི་ཀ་དང་དེའི་མཐུན་ཕྱོགས་རྒྱལ ཁབ་ཁག་གིས་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཡར་རྒྱས་འགྲོ་བཞིན་པའི་མཚོ་གླིང་རྒྱལ་ཁབ་ཁག་གི་མཚོ་ལམ་སྐྱེལ་འདྲེན་དང་འགྲིམ་འགྲུལ་གྱི་རང་དབང་ལ་སྲུང་སྐྱོབ། མངའ་ཁུལ་དེར་རྒྱ་ནག་གི་ཤུགས་རྐྱེན་བྱུང་བ་ཁག་ལ་ཁ་གཏད་བཅག་ནས་འགོག་རྒོལ་བྱེད་ཀྱི་ཡོད་ཅིང་། དེའི་བར་ན་ཉེ་ཆར་ཐུ་ཝྭ་ལུ་ཡུལ་གྲུ་དེར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་སུ་སྐུ་ཞབས་ཀོ་སི་ན་ཏ་ནོ་སྲིད་བློན་དུ་འོས་འདེམས་བྱུང་། དེ་ནས་བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཕྱི་སྲིད་བློན་ཆེན་སེ་མོན་ཀོ་ཧྥེ་ཐེ་ཝན་ལ་གཟིགས་སྐོར་དུ་ཕེབས་ཏེ་་སྲིད་འཛིན་ཚེ་དབྱིན་ཝེན་ལ་མཇལ་འཕྲད་ཀྱིས་ཐུ་ཝྭ་ལུ་རྒྱལ་ཁབ་ནི་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཅིག་ཡིན་པའི་འབྲེལ་བ་དེར་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་འདུག