ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་སློབ་ཕྲུག་ལ་ཐེ་ཝན་གྱིས་མཐུན་རྐྱེན་སྦྱར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་༡༡་པའི་ཚེས་༢༠་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་འགོ་ཁྲིད་ཞེ་ཝུ་ཆོ་ཡིས་ཐེ་ཝན་གྱི་ཁྲིམས་བཟོ་ལྷན་ཚོགས་སུ་ཧོང་ཀོང་གནད་དོན་ལ་འདྲི་རྩད་བྱུང་བར་ལན་འདེབས་བྱས་པའི་སྐབས་སུ་མ་འོངས་པར་ཐེ་ཝན་གྱིས་ཧོང་ཀོང་དུ་ཡོད་པའི་ཐེ་ཝན་གྱི་སློབ་ཕྲུག་རྣམས་ཐེ་ཝན་ལ་ཕྱིར་ལོག་རྒྱུ་དེར་རོགས་འདེགས་བྱ་རྒྱུ་ཡིན་པར་མ་ཟད། གལ་ཏེ་ཧོང་ཀོང་ས་གནས་རང་གི་སློབ་ཕྲུག་རྣམས་ཀྱང་ཐེ་ཝན་ལ་ཡོང་ནས་སློབ་སྦྱོང་བྱ་འདོད་ན་ཐེ་ཝན་དུ་ཡོང་ཆོག་པའི་ཡིག་ཆ་སོགས་བཟོ་རྒྱུའི་ཐད་ལ་ཐེ་ཝན་གྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་མཐུན་འགྱུར་རོགས་རམ་བྱ་ངེས་ཡིན་ཅེས་བཤད་འདུག

ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་བརྟེན་ནས་སློབ་མཚམས་འཇོག་དགོས་བྱུང་ཡོད་པའི་སློབ་ཕྲུག་སུ་ཡིན་རུང་ཐེ་ཝན་པ་ཡིན་མིན་ལ་མ་ལྟོས་པར་ཧོང་ཀོང་གི་སློབ་ཕྲུག་ཚང་མས་ཐེ་ཝན་གྱི་སློབ་ཆེན་ཁག་ཏུ་ཐོ་འགོད་བྱེད་ཆོག་ཅེས་གསལ་བསྒྲགས་སྤེལ། དེ་བཞིན་ཐེ་ཝན་སློབ་གསོ་ལྷན་ཁང་གིས་ཀྱང་ཧོང་ཀོང་གི་སློབ་ཆེན་ཁག་ཏུ་ངོ་རྒོལ་ལ་བརྟེན་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པའི་སློབ་ཆེན་གྱི་སློབ་ཕྲུག་ཚོས་ཐེ་ཝན་གྱི་སློབ་ཆེན་ཁག་ཏུ་མུ་སློབ་སྦྱོང་རྒྱུན་འཁྱོངས་བྱེད་ཆོག་ཅེས་བསྒྲགས་འདུག

ཉེ་ཆར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁྲོད་དུ་ཉེན་རྟོག་པ་དང་ལས་འགུལ་བ་ཚོ་མུ་མཐུད་དུ་གདོང་གཏུག་བྱུང་བའི་གནས་ཚུལ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ཧོང་ཀོང་རྒྱ་ཡིག་སློབ་ཆེན་དང་ཧོང་ཀོང་ལི་གོང་སློབ་ཆེན་སོགས་སུ་སློབ་ཕྲུག་གཙོས་ངོ་རྒོལ་ལས་འགུལ་བ་དང་ཧོང་ཀོང་ཉེན་རྟོག་པ་རྣམས་ལག་འཛིང་ཆེན་པོ་ཐུག་སྟེ་ཉེན་རྟོག་པས་སློབ་ཕྲུག་ལས་འགུལ་བའི་སྟེང་དུ་ཆུ་མདའ་དང་འགྱིག་གི་མདེའུ་བརྫངས་ནས་མེ་མདའ་བརྒྱབ་པར་མ་ཟད། མཆིི་སྦྱིན་དུག་རླངས་གཏོར། ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་ཀྱང་སོ་ཕག་དང་རླངས་སྣུམ་གྱི་འབར་མདེལ། ལྕགས་རྡོ་སོགས་ཀྱིས་ཉེན་རྟོག་པར་རྒོལ་ལན་སློག་སྟེ་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་གྱུར། དེར་བརྟེན་ཧོང་ཀོང་གི་སློབ་ཆེན་མང་ཆེ་བ་ཞིག་གིས་སློབ་མཚམས་འཇོག་དགོས་བྱུང་འདུག

ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་ཧོང་ཀོང་དུ་སློབ་སྦྱོང་བྱེད་བཞིན་པའི་ཐེ་ཝན་གྱི་སློབ་ཕྲུག་༡༠༢༡་ཡོད། བདུན་ཕྲག་སྔོན་མརསློབ་ཕྲུག་༢༨༠་ཐེ་ཝན་ལ་ཕྱིར་ལོག་བྱེད་དུ་བཅུག་ཡོད། ཧོང་ཀོང་དུ་ཡོད་པའི་ཐེ་ཝན་གྱི་ལས་དོན་ཁང་གིས་དེ་ལ་དགོས་ངེས་ཀྱི་རོགས་རམ་བྱེད་ཀྱི་ཡོད་ཅེས་བཤད། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་ཆགས་ཡོད་པའི་ཐེ་ཝན་སློབ་ཆེན་གྱིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གྱིས་རྐྱེན་པས་ང་ཚོར་མི་༤༡༧་གྱི་སྙན་ཞུ་འབྱོང་སོང་། དེའི་གྲས་སུ་ཧོང་ཀོང་གི་སློབ་ཕྲུག་༡༠༠་དང་ཐེ་ཝན་གྱི་སློབ་ཕྲུག་༢༤༠་འདུག དེ་མིན་གྱི་སློབ་ཕྲུག་གཞན་རྣམས་ཨོ་མེན་དང་རྒྱ་ནག་བཅས་ནས་རེད་ཅེས་གསལ་བསྒྲགས་སྤེལ་འདུག

ཐེ་ཝན་མི་མང་ཁག་ཅིག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཐེ་ཝན་གཞུང་ལ་ཧོང་ཀོང་གི་སློབ་ཆེན་མན་ཆད་ཀྱི་སློབ་ཕྲུག་རྣམས་ཀྱང་ཐེ་ཝན་དུ་ཡོང་ནས་སློབ་སྦྱོང་བྱེད་ཆོག་པའི་གོ་སྐབས་སྤྲོད་དགོས་པའི་རེ་བ་བཏོན། ད་ལྟ་རྒྱལ་ཁབ་གཞན་ཁག་གིས་གནས་སྐབས་རིང་ཧོང་ཀོང་དུ་སློབ་སྦྱོང་བྱེད་བཞིན་པའི་རང་གི་སློབ་ཕྲུག་རྣམས་རང་གི་ཡུལ་ལུང་སོ་སོར་ཕྱིར་ལོག་བྱ་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་ཅིང་། ཧོང་ཀོང་གི་སློབ་ཆེན་ཁག་ཏུ་ད་ལོའི་དགུན་ཁའི་སློབ་སྐབས་འདི་སྔ་ནུར་གྱིས་མཇུག་བསྡུ་བྱ་རྒྱུ་ཡིན་པའི་གནས་ཚུལ་ཡང་ཐོན་འདུག ཧོང་ཀོང་གི་ཛ་དྲག་ཆེ་བའི་གནས་སྟངས་འདི་ལ་དམིགས་ནས་ཐེ་ཝན་དུ་ཆེས་ཉུང་མཐར་ཡང་ཐེ་ཝན་ཀྲུང་ཧྲན་སློབ་གྲྭ་ཆེན་ཆིན་ཧྭ་སློབ་ཆེན་སོགས་སློབ་ཆེན་དགུས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གྱིས་རྐྱེན་པས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པའི་ཧོང་ཀོང་གི་སློབ་ཕྲུག་ཚོར་ཐེ་ཝན་དུ་སློབ་སྦྱོང་བྱེད་འདོད་ཡོད་ན་དུས་ཡུན་རིང་ཐུང་གཉིས་སུ་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་རེད།

XS
SM
MD
LG