ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ནང་ཁུལ་འགལ་ཟླ།


༄༅།། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་འདུས། ཁོ་ཚོས་གཟའ་འཁོར་གཉིས་ཀྱི་རྗེས་སུ་འཚོགས་འཆར་ཡོད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ལ་གྲ་སྒྲིག་བྱེད་ཀྱི་ཡོད་ཀྱང་སྒྲིག་འཛུགས་དེའི་ནང་ཁུལ་དུ་འགལ་ཟླ་ཆེན་པོ་ཞིག་ཡོད་ཅིང་། ཉེ་སྔོན་ཧྥ་རན་སིའི་སྲིད་འཛིན་གྱིས་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་སྔར་བཞིན་འགོ་ཁྲིད་མི་བྱེད་པར་ནུབ་ཕྱོགས་ཀྱི་དམག་དོན་སྒྲིག་འཛུགས་དེར་འགོ་ཁྲིད་མེད་པར་ནུས་པ་ཉམས་ཀྱི་འདུག ཏུར་ཀི་ཡང་སྔར་བཞིན་ཡིད་རྟོན་རུང་བའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་ཡིན་མིན་བློ་དོགས་ཡོད། དེས་ན་ཡུ་རོབ་རྒྱལ་ཁབ་ཁག་གིས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་འགན་འཁྲི་ཆེ་ཙམ་ལེན་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་པ་དང་། ཕྱི་ཟླ་༡༢་པའི་ཚེས་༣་དང་༤་གཉིས་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་རྣམས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་ལོ་འཁོར་ཚོགས་འདུའཛོམ་གྱི་ཡོད་པ་རེད།

ཕྱི་ཟླ་༡༡་པའི་ཚེས་༢༠་སྟེ། རེས་གཟའ་ལྷག་པའི་ཉིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམ་པས་དམག་དོན་སྒྲིག་འཛུགས་དེས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་གསར་པ་ཕྱིར་བསྒྲགས་བྱ་དགོས། སྐམ་མཚོ་གནམ་གསུམ་དང་བར་སྣང་གི་དྲྭ་ལམ་བཅས་ཀྱི་གཞུག་ཏུ་མཁའ་དབྱིངས་གོང་མའངབདེ་འཇགས་སྲུང་སྐྱོབ་ཀྱི་དམག་ས་ཨང་ལྔ་པ་ཡིན་ཞེས་ཁྱབ་བསྒྲགས་བྱ་དགོསད་ལོའི་ཚོགས་ཆེན་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཨུ་རུ་སུ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ་དང་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱེད་ཕྱོགས་སོགས་གྲོས་བསྡུར་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་སྟེ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་རྒྱ་སྐྱེད་འགྲོ་བཞིན་པར་རྟོག་ཞིབ་ནན་པོ་བྱ་རྒྱུ། ཧྥ་རན་སི་གཅིག་པུ་མིན་པར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཕལ་མོ་ཆེར་དམག་དོན་སྒྲིག་འཛུགས་དེའི་སྟོབས་ཤུགས་ཉམས་བཞིན་པའི་བློ་འཚབ་ཡོང་གི་ཡོད་ཅིང་། ད་ལོ་ནི་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཙུགས་ནས་ལོ་༧༠་འཁོར་བའི་དུས་ཡིན་རུང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དམག་དོན་སྒྲིག་འཛུགས་དེར་འགོ་ཁྲིད་མི་བྱེད་པ། ཏུར་ཀི་རྒྱལ་ཁབ་དང་ཨུ་རུ་སུའི་འབྲེལ་བ་ཡག་ཏུ་འགྲོ་བཞིན་ཡོད་པ་རྣམས་དམག་དོན་སྒྲིག་འཛུགས་དེའི་དཀའ་ངལ་གཙོ་བོ་ཞིག་ཏུ་གྱུར་འདུག

ལི་ཐུ་ཝྭེ་ཎི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཕྱི་ཟླ་༡༡་པའི་ཚེས་༧་ཉིན་ཧྥ་རན་སིའི་སྲིད་འཛིན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགོ་ཁྲིད་མེད་པར་སྟོབས་ཤུགས་ཉམས་བཞིན་པའི་གླེང་སློང་བྱས་པ་སྒྲོ་འདོགས་ཐལ་དྲགས་པ་རེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཤིག་ཕྱིར་བསྒྲགས་དང་མཁའ་དབྱིངས་གོང་མ་བདེ་འཇགས་སྲུང་སྐྱོབ་ཀྱི་དམག་ས་ཨང་ལྔ་པར་ཁྱབ་བསྒྲགས་བྱེད་ཚེ། ནུབ་ཕྱོགས་པའི་དམག་དོན་སྒྲིག་འཛུགས་འདི་གྲང་དམག་འཁོན་འཛིང་དུས་ཀྱི་ཤུལ་རྒྱུན་ལྟ་བུ་ཞིག་མིན་པར་ཨུ་རུ་སུའི་གཞུང་གིས་ཡུ་རོབ་ལ་གཏོར་རྒོལ་བྱེད་ཐུབ་པའི་འཕུར་མདེལ་གསར་པ་འཛུགས་ཀྱི་ཡོད་པར་ཁ་གཏད་གཅོག་ཐུབ་པ་ཞིག་ཏུ་འགྱུར་ཐུབ་པའི་དགེ་མཚན་ཡོད་ཅེས་བཤད། ལོ་འདིའི་ཕྱི་ཟླ་༦་པ་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་མ་འོངས་པའི་དམག་འཁྲུག་ནི་སྐམ་མཚོ་གནམ་གསུམ་དང་བར་སྣང་གི་དྲྭ་ལམ་ཙམ་མ་ཡིན་པར་མཁའ་དབྱིངས་གོང་མའི་ནང་དུའང་དམག་ས་འཛིན་དགོས་ཀྱིན་འདུག་ཅེས་གྲོས་བསྡུར་བྱུང་ཞིང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རང་གི་འཁོར་སྐར་དེ་ཚོར་སྲུང་སྐྱོབ་བྱེད་པར་མཁའ་དབྱིངས་གོང་མར་མཚོན་ཆ་འགྲེམ་འཇོག་བྱ་རྒྱུ་གནད་འགག་ཆེན་པོ་རེད་གླེང་སློང་བྱས། འོན་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་རང་གི་གྲོས་བསྡུར་དེ་རྣམས་དམག་འཁྲུག་སློང་རྒྱུའི་ཆེད་དུ་མིན། མཁའ་དབྱིངས་གོང་མ་དམག་ས་ཞིག་ཏུ་བསྒྲགས་ན་ཕྱིས་སུ་མཁའ་དབྱིངས་གོང་མར་མཚོན་ཆ་འགྲེམ་འཇོག་བྱ་རྒྱུ་སྟབས་བདེ་རུ་འགྲོ་ཐུབ་ཅེས་བཤད་འདུག

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཁོངས་སུ་རྒྱ་ནག་གི་དམག་དོན་སྟོབས་ཤུགས་རྒྱ་སྐྱེད་འགྲོ་བཞིན་པའི་ཉེན་ཀར་དོགས་ཟོན་བྱ་དགོས་པ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་ལམ་དྲྭ་རྒྱར་སྲུང་སྐྱོབ་བྱ་རྒྱུ། རྒྱ་ནག་སོགས་ཕྱིའི་རྒྱལ་ཁབ་ཁག་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་ཐེ་གཏོགས་བྱ་སྲིད་པར་འགོག་རྒོལ་ཇི་ལྟར་བྱ་དགོས་མིན་སོགས་འཁོད། ཨ་མི་རི་ཀའི་འཕྲོ་ནས་རྒྱ་ནག་གིས་དམག་དོན་འགྲོ་གྲོན་འཕོན་ཆེན་ཞིག་གཏོང་གི་ཡོད་པ་སྟེ། ༢༠༡༨་ལོར་རྒྱ་ནག་ལ་དམག་གྲུ་དང་མཚོ་འོག་དམག་གྲུ་༨༠་ཡོད་ཅིང་། ཨ་རིའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྐུ་ཚབ་ཧ་ཆི་སན་གྱིས་ང་ཚོས་གཞན་ལ་འཁྲུག་རྩོད་སློང་གི་མེད། ཡིན་ནའང་གཞན་གྱི་སྟོབས་ཤུགས་ལ་དཔགས་ནས་རང་སྲུང་གི་གྲ་སྒྲིག་བྱ་དགོས་ཀྱིན་འདུག་ཅེས་བཤད། ༡༩༤༩་ལོར་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཙུགས། དེ་ནས་ཨུ་རུ་སུའི་དམག་ཤོག་གིས་འགོ་ཁྲིད་ནས་ཝོར་སོ་དམག་དོན་སྒྲིག་འཛུགས་ཚུགས། དུས་རབས་སྔོན་མའི་ལོ་༥༠་བ་ནས་ལོ་རབས་༩༠་མགོ་སྟོད་དེར་ཨུ་རུ་སུའི་དམར་ཤོག་ལམ་ལུགས་འཐོར་ཞིག་མ་སོང་བར་དུ་འཛམ་གླིང་འདི་ཤར་ནུབ་ཕྱོགས་སུ་ཆད་ནས་གྲང་དམག་འཁོན་འཛིང་རྒྱུན་བསྐྱངས། ཨུ་རུ་སུ་འཐོར་ཞིག་སོང་བའི་རྗེས་སུ་ཝོར་སོ་དམག་དོན་སྒྲིག་འཛུགས་ཀྱང་མེད་པར་གྱུར་ནས་དམག་དོན་སྒྲིག་འཛུགས་དེའི་ཚོགས་འཐུས་རྒྱལ་ཁབ་མང་ཆེ་བ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས།

ཊར་ཧྥུ་ཊི་སི་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་དང་ཕྱི་འབྲེལ་སློབ་གླིང་གི་སློབ་དཔོན་ཌི་རེ་ཛི་ནེར་གྱིས་ཀྱང་ཨ་མི་རི་ཀས་འགོ་ཁྲིད་མ་བྱས་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་འཐོར་ཞིག་འགྲོ་སྲིད། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཕྱི་སྲིད་དང་དཔལ་འབྱོརརྒྱལ་སྤྱི་བདེ་འཇགས་བཅས་ལ་སྲིད་ཇུས་གསར་པ་ཞིག་འཛིན་གྱི་ཡོད་པ་སྟེ། ཨ་མི་རི་ཀས་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་སྔར་བཞིན་མི་རྒྱུ་ཟོག་གསུམ་གྱི་འགྲོ་གྲོན་ཆེན་པོ་བཏང་ནས་སྲུང་སྐྱོབ་བྱ་མི་དགོས་པའམ། གལ་སྲིད་ཨ་མི་རི་ཀས་འགན་འཁྲི་ལེན་དགོས་ན་འབྲེལ་ཡོད་རྒྱལ་ཁབ་སོ་སོས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་འགྲོ་གྲོན་མང་བ་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག ད་དུང་ཨ་མི་རི་ཀས་སྔར་བཞིན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༧་གྱི་མཐུན་ཚོགས་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་མཐུན་ཚོགས་ལའང་ལྟ་སྟངས་བཟང་པོ་ཞིག་འཛིན་གྱི་མེད་པའི་སྐྱོན་བརྗོད་བྱས་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་སྔར་བཞིན་འགན་ལེན་བྱེད་ཀྱི་མེད་པར་བློ་འཚབ་ཡོད་པ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་གཅིག་པུ་མིན་པར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཧྥི་ལི་ཕིན་སོགས་ཨེ་ཤི་ཡའི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལའང་ཨ་མི་རི་ཀ་སྔར་བཞིན་ཡིད་རྟོན་རུང་བའི་བདེ་འཇགས་སྲུང་སྐྱོབ་ཀྱི་འཐབ་གྲོགས་བརྟན་པོ་ཡིན་མིན་བློ་དོགས་ཡོང་གི་ཡོད་པ་རེད།།

XS
SM
MD
LG