ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་ཁྲིམས་གཞི་གཏན་འབེབས་དགོས་པའི་འབོད་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཟླ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མས་ཧོང་ཀོ་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་དེ་གཏན་འབེབས་བྱུང་ཡོད་པ་ལྟར་ཁ་སང་ཡང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་ཇཱིམ་རོ་ཌི་ཞི་དང་ཚོགས་མི་མར་ཁོ་རུ་བྷིའོ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མས་གང་མགྱོགས་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་འཕེན་དུ་འཇུག་དགོས་ཞེས་སྐུལ་ལྕག་བཏང་ཡོད་ཅིང་། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་ཨ་རིའི་གྲོས་ཚོགས་གོང་མར་ཁྲིམས་གཞི་དེར་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་འཕེན་དུ་འཇུག་སྲིད་པའི་ཚོད་དཔག་བྱེད་བཞིན་པ་རེད།

ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་ཡིས་ཊོས་ཊར་དྲྭ་ལམ་དུ་གནས་ཚུལ་བཀོད་པ་ལྟར་ན། དེ་རིང་ང་ཚོས་ཧོང་ཀོང་གི་ཁྲིམས་གཞི་འདི་མྱུར་དུ་ཐག་གཅོད་ཡོང་བར་སྐུལ་སློང་བྱ་རྒྱུའི་ལས་རིམ་གྱི་མགོ་བརྩམས་ཡོད། གལ་ཏེ་གྲོས་ཚོགས་གོང་མའི་འཐུས་མིའི་གྲས་སུ་ངོ་རྒོལ་བྱེད་མཁན་མ་བྱུང་ན་བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་གཏན་འབེབས་ཐག་གཅོད་འབྱུང་སྲིད། ངའི་སེམས་པར་ཁྲིམས་གཞི་འདི་ཐག་གཅོད་ཡོང་བར་མྱུར་སྐུལ་བྱ་རྒྱུའི་ལས་རིམ་འདི་བརྒྱུད་ནས་ཁྲིམས་ཡིག་འདི་མྱུར་དུ་ཐག་གཅོད་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་བཤད་འདུག

གྲོས་ཚོགས་འཐུས་མི་སུ་ཞིག་ཁྲིམས་གཞི་འདིར་མོས་མཐུན་མེད་ན་དེ་ལ་ངོ་རྒོལ་བྱེད་ཆོག གྲོས་ཚོགས་གོང་མའི་འཐུས་མི་ཇཱོ་ཞི་ཧོ་ལེས་ཨ་རིའི་རླུང་འཕྲིན་ཁང་ལ་ཁྲིམས་གཞི་ཐག་གཅོད་མྱུར་སྐུལ་བྱ་རྒྱུའི་ལས་རིམ་འདི་བརྒྱུད་ནས་ང་ཚོས་ཁྲིམས་གཞི་འདིར་རྒྱབ་སྐྱོར་མི་བྱེད་མཁན་གྱི་འཐུས་མི་རྣམས་ཤེས་རྟོགས་ཐུབ། ཁོ་ཚོས་ངེས་པར་དུ་ཁྲིམས་གཞི་འདིར་ངོ་རྒོལ་བྱ་དགོས་པའི་གནས་ལུགས་དང་རྒྱུ་མཚན་ཅི་ཡིན་འགོད་དགོས་ཞེས་བཤད་འདུག

གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་ཡིས་བཏོན་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༤༠་ཡས་མས་ཤིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། དེང་སྐབས་ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ལ་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་ཛ་དྲག་གི་འགལ་ཟླ་ཡོད་ཀྱང་ཧོང་ཀོང་གི་ཁྲིམས་གཞི་འདིར་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་མང་ཆེ་བས་ཡོངས་གྲགས་སུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་མར་ཁོ་རུ་བྷིའོ་ཡིས་བཤད་འདུག

ཐེངས་འདིའི་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་འདིར་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་ངོས་ལེན་དང་ཐག་གཅོད་བྱུང་ན་དེའི་རྗེས་སུ་ཨ་རིའི་གྲོས་ཚོགས་འོག་མས་སྤྱི་ཟླ་༩་པའི་ནང་དུ་ཐག་གཅོད་གཏན་འབེབས་བྱུང་བའི་ཧོང་ཀོང་གི་ཁྲིམས་གཞི་ལ་དཔྱད་བསྡུར་གྱིས་གྲོས་ཚོགས་གོང་མའི་ཁྲིམས་ཡིག་དང་མི་མཐུན་ས་ཡོད་པ་རྣམས་ལེགས་བཅོས་བྱས་གཏན་ལ་འབེབས་རྒྱུ། དེ་ནས་ཁྲིམས་ཡིག་གཅིག་གི་ངོ་བོར་བསྒྱུར་ནས་ཨ་རིའི་འཛིན་ལ་ཕུལ་ཏེ་མཐའ་མའི་མཚན་རྟགས་འགོད་དུ་འཇུག་དགོས། སྲིད་འཛིན་གྱིས་མཚན་རྟགས་བཀོད་ན་ཁྲིམས་གཞི་དེ་རྒྱལ་ཁབ་ཀྱི་ཁྲིམས་ལ་གྱུར་ཏེ་ཨ་རིའི་གཞུང་གིས་ལག་ལེན་བསྟར་དགོས་པ་རེད།

ཨ་རིའི་གྲོས་ཚོགས་འཐུས་མི་ཇཱོ་ཞི་ཧོ་ལེས་ཐེངས་མང་པོར་ཨ་རིའི་སྲིད་འཛིན་ལ་ཧོང་ཀོང་གི་གནས་སྟངས་ཐད་གོ་བསྡུར་བྱ་རྒྱུ་བྱུང་ཞིང་། གལ་སྲིད་གྲོས་ཚོགས་ཀྱིས་ཁྲིམས་ཡིག་འདི་གཏན་འབེབས་བྱུང་ན་སྲིད་འཛིན་གྱིས་དེ་ལ་མཚན་རྟགས་འགོད་སྲིད་པའི་གདེང་ཚོད་ཡོད་ཅེས་བཤད། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨེ་ལེ་ཊི་ ཨན་གྷོས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ཁྲིམས་གཞི་གཏན་འབེབས་མྱུར་སྐུལ་བྱ་རྒྱུའི་ལས་རིམ་གསལ་བསྒྲགས་ཀྱི་སྐབས་སུ་ཨ་རིའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་ལ་འཛིན་པའི་སྲིད་ཇུས་དེར་ནོར་འཁྲུལ་ཆེན་པོ་ཡིན་པའི་བརྡ་ལན་སྤྲད་ཡོད་པ་འཛམ་གླིང་མི་དམངས་ཀྱིས་ཤེས་དགོས། འདས་པའི་ལོ་ཉི་ཤུའི་རིང་ལ་རྒྱ་ནག་གིས་ཧོང་ཀོང་ལ་དམིགས་བསལ་སྲིད་ཇུས་ཤིག་འཛིན་རྒྱུའི་དམ་བཅའ་བཞག་པར་རྒྱབ་འགལ་བྱས་སོང་། ད་ལྟ་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་གི་རང་སྐྱོང་དབང་ཚད་ལ་བཙན་གནོན་བྱས་པར་འགན་འཁྲི་ལེན་དགོས་པའི་དུས་ལ་སླེབས་ཡོད་ཅེས་བཤད་འདུག

XS
SM
MD
LG