ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༦/༡༧

དམར་ཤོག་གི་གནོད་ཐེབས་པའི་རྗེས་དྲན་ཉིན་མོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་༡༡་པའི་ཚེས་༧་གྱི་ཉིན་མོ་དེ་ནི་ཨ་རིའི་རྒྱལ་ཡོངས་ཀྱི་གུང་ཁྲན་རིང་ལུགས་པའི་གནོད་འཚེ་ཕོག་པའི་གནོད་ཐེབས་མི་དམངས་རྣམས་རྗེས་དྲན་བྱེད་པའི་ཉིན་མོ་ཡིན་པས་ཕོ་བྲང་དཀར་པོར་དུས་དྲན་དེར་སྲུང་བརྩི་ཞུས་ཤིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དེ་རིང་གི་ཉིན་མོ་འདིར་ང་ཚོས་གུང་ཁྲན་དམར་ཤོག་རིང་ལུགས་པའི་དྲག་གནོན་ལ་བརྟེན་ནས་མི་གྲངས་དུང་ཕྱུར་གཅིག་ལྷག་རྐྱེན་འདས་སུ་གྱུར་པ་རྣམས་ལ་རྗེས་དྲན་ཞུ་དགོས། ང་ཚོས་བསྐྱར་དུ་ནུས་ཤུགས་གང་ཡོད་བཏོན་ནས་དམངས་གཙོ་དང་རང་དབང་། དྲང་བདེན་སོགས་གཞི་རྩར་བཟུང་ནས་མ་འོངས་པར་མི་རེ་རེའི་ཚེ་སྲོག་གི་རིན་ཐང་ལ་བརྩི་འཇོག་དང་། འགྲོ་བ་མི་ཡོད་དོ་ཅོག་གིས་ཞི་བདེ་བག་ཕེབས་དང་ཡར་རྒྱས་ཀྱི་འཚོ་བ་ཞིག་རོལ་ཐུབ་པའི་འགན་འཁྲི་བླངས་ནས་དེ་ལ་རོགས་རམ་བྱ་དགོས། ད་ལོའི་ཨ་རིའི་རྒྱལ་ཡོངས་ཀྱི་གུང་ཁྲན་རིང་ལུགས་པའི་གནོད་འཚེ་ཕོག་པའི་གནོད་ཐེབས་མི་དམངས་ཀྱི་རྗེས་དྲན་ཉིན་མོ་ནི་ཏག་ཏག་བྷར་ལིན་རྩིག་གྱང་གཏོར་ནས་ལོ་ཧྲིལ་པོ་༣༠་འཁོར་བའི་དུས་སྐབས་ལ་ཁེལ་ཡོད་ཅེས་བཤད་འདུག

༡༩༨༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༩་ཉིན་སྐྱེས་ཕོ་མོ་མང་པོ་ཞིག་གིས་སྲིད་འཛིན་རོ་ནལ་རེ་གྷན་གྱི་གཏམ་བཤད་ལྟར་སེམས་ཐག་རྦད་བཅད་ཀྱིས་བཙན་དབང་སྒེར་གཅོད་རིང་ལུགས་ཀྱི་རྣམ་པ་མཚོན་བྱེད་བྷར་ལིན་རྩིག་གྱང་གཏོར། འཛམ་གླིང་མི་དམངས་ཡོངས་ལ་དམངས་གཙོ་དང་ཁྲིམས་སྐྱོང་ལམ་ལུགས་ནི་སྒེར་གཅོད་གཞུང་དང་དྲག་གནོན་ལམ་ལུགས་ལས་རྣམ་པར་རྒྱལ་ཐུབ་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲད། ང་ཚོས་འགྲོི་བ་མིའི་ཐོབ་ཐང་གི་ལོི་རྒྱུས་ཀྱི་འགྱུར་མཚམས་གལ་ཆེན་དེར་རྗེས་དྲན་བྱས་པ་དང་ཆབས་ཅིག ང་ཚོས་མུ་མཐུད་དུ་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་རང་དབང་གི་མེ་ལྕེ་ཤུགས་ཆེར་སྦར་ནས་འཛམ་གླིང་ཡོངས་ལ་རེ་བ་དང་གོ་སྐབས་སྤྲོད་མཁན་གྱི་སྒྲོན་མེ་ལྟ་བུ་ཞིག་ཏུ་འགྱུར་བར་ཆོད་སེམས་བརྟན་པོ་འཛུགས་ཡོད། ང་ཚོས་འཛམ་གླིང་གང་སར་ཡོད་པའི་གུང་ཁྲན་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་མྱོང་མཁན་ཚོར་གུས་འདུད་ཞུ་རྒྱུ་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཆོད་སེམས་བརྟན་པོ་བཙུགས་ནས་རྩ་ཆེའི་རང་དབང་དང་ཞི་བདེ་ལ་ངེས་པར་དུ་སྲུང་སྐྱོབ་བྱ་དགོས། ང་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་གུང་ཁྲན་དམར་ཤོག་རིང་ལུགས་པའི་དྲག་གནོན་དང་གདུག་རྩུབ་ལས་གྲོལ་བའི་འབྱུང་འགྱུར་ཞིག་བསྐྲུན་རྒྱུའི་འབད་བརྩོན་བྱ་དགོས་ཞེས་འཁོད་འདུག

ད་ལོ་ནི་ཨ་རིའི་རྒྱལ་ཡོངས་ཀྱི་གུང་ཁྲན་རིང་ལུགས་པའི་གནོད་འཚེ་ཕོག་པའི་གནོད་ཐེབས་མི་དམངས་རྗེས་དྲན་གྱི་ཉིན་མོར་སྲིད་འཛིན་གྱིས་གསལ་བསྒྲགས་སྤེལ་བ་ཐེངས་གསུམ་པ་ཡིན་ཞིང་། གཞན་ཡང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་ཕོ་ལན་ཌི་དང་ཝྭི་ཏེ་ནམ། ཀུ་པ། ཝྭེ་ན་ཛུ་ལ། བྱང་ཀོ་རི་ཡ་བཅས་ནས་འབྱོར་བའི་གུང་ཁྲན་དམར་ཤོག་རིང་ལུགས་ཀྱི་གནོད་པ་ཐེབས་མྱོང་མཁན་གྱི་མི་སྐོར་ཞིག་ལ་ཐུག་འཕྲད་བྱས་ཡོད་ཅིང་། ཁོ་ཚོའི་གྲས་སུ་བྱང་ཀོ་རི་ཡ་ནས་བྲོས་བྱོལ་དུ་འབྱོར་བའི་གྷི་རེ་སི་ཇཱོ་དབྱི་ཞེས་པ་ཞིག་ཡོད་པ་དེར་སྲིད་འཛིན་ཊམ་གྱིས་ཐུག་འཕྲད་བྱས་པའི་རྗེས་སུ་གསར་འགོད་པ་ཚོར་འདི་ལྟར་བརྗོད། ང་ཨ་རིར་འབྱོར་བའི་རྗེས་སུ་གཞི་ནས་མི་ཞིག་གི་འཚོ་བ་ངོ་མ་དེ་སྐྱེལ་ཐུབ་པ་བྱུང་སོང་། རང་དབང་དང་རང་བརྩི་ཞེས་པ་ཅི་ལྟ་བུ་ཞིག་ཡིན་པའི་ངེས་ཤེས་ཀྱང་རྙེད་བྱུང་ཞེས་བཤད། ༡༩༩༨་ལོར་གྷི་རེ་སི་ཇཱོ་དང་ཁོ་མོའི་ཨ་མ། ཨ་ཅེ་བཅས་མི་གསུམ་རྒྱ་ནག་ལ་བྲོས་ནས་རང་དབང་གི་འཚོ་བ་ཞིག་སྐྱེལ་རྒྱུའི་གོ་སྐབས་བཙལ་ཀྱང་ལོ་༢༠་ཐམ་པའི་རིང་ལ་ང་ཚོ་རྒྱ་ནག་གི་སྤྱི་དམངས་སུ་འགྱུར་རྒྱུ་དེར་རྒྱ་ནག་གཞུང་གིས་ངོས་ལེན་གཏན་ནས་མ་བྱས་པར་མ་ཟད། ང་ཚོ་ཐེངས་བཞི་ལ་བཙན་ཐབས་ཀྱིས་བྱང་ཀོ་རི་ཡར་སློག་ཐབས་བྱས་བྱུང་། ང་ཚོས་རྒྱ་ནག་གི་སྤྱི་ཚོགས་སུ་རང་དབང་གི་འཚོ་བ་ཞིག་རོལ་རྒྱུའི་གོ་སྐབས་གཏན་ནས་རྙེད་མ་སོང་། སྤྱིར་ངེད་ཚང་ལ་བཟའ་མི་༨་ཡོད་པའི་གྲས་ནས་ཕ་རྒན་བྱང་ཀོ་རི་ཡའི་གཞུང་གིས་བསད་སོང་། བཟའ་མི་གཞན་པ་༣་བཀྲེས་ལྟོགས་ཀྱིས་ཤི་སོང་། ད་ལྟ་ཤུལ་དུ་ང་ཚོ་མི་གསུམ་ལས་ལྷག་མེད་ཅེས་བཤད་འདུག

XS
SM
MD
LG