༄༅།། ༢༠༢༠་ལོའི་ཕྱི་ཟླ་དང་པོར་ཐེ་ཝན་ལ་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་རྒྱ་ནག་རང་ཉིད་ཀྱི་ཕྱོགས་སུ་འགུགས་ཐབས་བྱས་ནས་ཐེ་ཝན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ། ད་དུང་ཐེ་ཝན་མཚོ་འགག་ལ་རྒྱ་ནག་གི་གནམ་དམག་གིས་སྐོར་གཡེང་བྱས་ནས་འཇིགས་སྣང་བསྐུལ་བ། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་གཅིག་གྱུར་བྱ་དགོས་ཞེས་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་འདུག
ཉེ་ཆར་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལ་བཅར་འདྲི་ཞུས། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇོ་སེབ་ཝུ་ཡིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་ཚོང་དམག་ལངས་ཡོད་པའི་སྐབས་འདིར་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་རིམ་གཉིས་པར་སླེབས་པའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་འགྲོ་བཞིན་པའི་རྐྱེན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཁ་ཞིག་འབྱུང་སྲིད། དེ་ལྟར་བྱུང་ན་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་རྒྱལ་ནང་གི་དཀའ་ངལ་གྱི་གནོན་ཤུགས་ལ་གཡོལ་ཐབས་སུ་ཐེ་ཝན་ལ་དམག་རྒྱག་སྲིད་པའི་ཉེན་ཁ་འདུག་ཅེས་གསུངས་ཡོད་པ་རེད།
ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱོ་སེབ་ཝུ་ཡིས་རྒྱ་ནག་ལ་རྒྱལ་ནང་གི་བདེ་འཇགས་བརྟན་ལྷིང་མེད་པར་ཛ་དྲག་ཅན་ཞིག་ཏུ་གྱུར་པའམ། ཡང་ན་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་ཞིག་བྱུང་ནས་རྒྱ་ནག་གི་དབང་འཛིན་པ་ཚོས་དེ་ལ་གདོང་ལེན་བྱ་དགོས་པའི་དཀའ་ངལ་ཞིག་འཕྲད་ན་ང་ཚོས་དེ་ལ་དོ་སྣང་ཆེན་པོ་བྱ་དགོས། ང་ཚོས་དམག་འཁྲུག་གི་ཛ་དྲག་འབྱུང་སྲིད་པའི་གནས་སྟངས་དེར་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཀྱང་བྱ་དགོས་ཞེས་གསུངས་འདུག
ཉམས་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་ཡོད་པ་ནི་འདས་པའི་ལོ་༣༠་རིང་ལ་བྱུང་མྱོང་མེད་པའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཆེས་དལ་ཤོས་སུ་འགྱུར་གྱི་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྲིད་དབང་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་འདུག ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱོ་སེབ་ཝུ་ཡིས་ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་སྟངས་འགྲིག་ཙམ་ཡོད་ཀྱང་མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དང་མི་དམངས་རྣམས་ཡི་མ་རང་བའི་དཀའ་ངལ་ཞིག་འཕྲད་བཞིན་པའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་སྔར་བཞིན་དཔལ་འབྱོར་འཕེལ་རྒྱས་གཏོང་མ་ཐུབ་ན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་སྲིད་དབང་ལ་ཁ་གཏད་པ་ཞིག་འབྱུང་སྲིད་། དེར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཀ་མི་འབྱུང་བའི་ཆེད་དུ་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་ནང་གི་དཀའ་རྙོག་ལ་གཡོལ་བར་ཕྱི་ལ་འཁྲུག་རྩོད་སློང་སྲིད་པའི་ཉེན་ཁ་འདུག རྒྱ་ནག་གིས་ཨེ་ཤི་ཡའི་མངའ་ཁུལ་ལ་བཙན་ཤུགས་རྒྱ་སྐྱེད་བྱེད་བཞིན་པ་འདིས་མངའ་ཁུལ་གྱི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཐེབས་ཀྱི་འདུག ཡིན་ནའང་ང་ཚོ་ཐེ་ཝན་གྱི་ངོས་ནས་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་རྒྱུན་འཁྱོངས་བྱེད་ཐུབ་པའི་འབད་བརྩོན་ཡོད་རྒུ་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། ༢༠༡༦་ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚེ་དབྱིན་ཝེན་ཐེ་ཝན་གྱི་སྲིད་འཛིན་ལ་འོས་འདེམས་བྱུང་པ་ནས་བཟུང་། རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་ལ་དཔལ་འབྱོར་རོགས་རམ་སྤྲད་ནས་རྒྱ་ནག་གི་ཕྱོགས་སུ་འགུགས་ཐབས་བྱས་པ་དང་། ཐེ་ཝན་ལ་སྡིགས་ར་འདྲ་མིན་བསྐུལ་ནས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་གྱུར། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་དང་རྒྱ་ནག་གི་གནས་བབ་འདིར་འགྱུར་བ་མེད་པར་སོར་གནས་བྱ་རྒྱུའི་ལངས་ཕྱོགས་གསལ་སྟོན་བྱས་ཀྱང་རྒྱ་ནག་གཞུང་གིས་ཚེ་དབྱིན་ཝེན་གྱིས་ཐེ་ཝན་རྒྱ་ནག་ནས་ལོགས་སུ་ཁ་བྲལ་བཏང་སྟེ་རང་བཙན་རྩོད་ལེན་བྱེད་ཀྱི་འདུག་ཅེས་དོགས་ཟོན་དང་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱོ་སེབ་ཝུ་ནི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་མ་ཟད། ཉེ་དུས་ཤིག་ནས་ཧོང་ཀོང་མི་མང་གིས་ཟླ་བ་མང་པོར་ས་གནས་དེའི་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དེས་ཐེ་ཝན་ལ་ཉམས་མྱོང་དང་སློབ་གསོ་ཡག་པོ་ཞིག་ཐོབ་བྱུང་ཞེས་གསུངས་འདུག ༡༩༩༧་ལོར་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཧོང་ཀོང་ས་གནས་ཀྱི་བདག་དབང་རྒྱ་ནག་ལ་ཕྱིར་སློག་བྱས་ཤིང་། ད་ལོའི་ཕྱི་ཟླ་༦་པ་ནས་ཧོང་ཀོང་མི་མང་གིས་ས་གནས་དེའི་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མགོ་བརྩམས། འདི་ནི་༢༠༡༢་ལོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་ཧོང་ཀོང་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཞིས་ཅིན་ཕིང་གི་སྲིད་དབང་ལ་ཁ་གཏད་བཅག་པའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་སུ་གྱུར་ཡོད། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱོ་སེབ་ཝུ་ཡིས་ཧོང་ཀོང་མི་མང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ད་ཇུས་དེར་སྐྱོན་ཆ་ཞིག་ཡོད་པ་ཤེས་ཚོར་བྱུང་ཡོད་པར་བརྟེན། ཐེ་ཝན་མི་དམངས་ལ་ཧོང་ཀོང་གི་གནས་སྟངས་འདྲ་བོ་ཞིག་གི་འོག་ཏུ་འཚོ་གནས་བྱ་འདོད་གཏན་ནས་མེད། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་པ་ཇི་བཞིན་ཐེ་ཝན་ལའང་གནས་བབ་དེ་སྤྲོད་ཆོག་ཅེས་གྲོས་གཞི་བཏོན་སོང་། འོན་ཀྱང་ཐེ་ཝན་མི་དམངས་རྣམས་རྒྱ་ནག་གི་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་ལམ་ལུགས་འོག་ཏུ་ནམ་ཡང་འཚོ་གནས་བྱ་འདོད་ཡོད་མི་སྲིད་པ་ཞིག་རེད་ཅེས་བཤད་འདུག