ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁེ་རི་སི་ཕེ་ཊོན་གྱིས་རྒྱ་ནག་ལ་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་༡༡་པའི་ཚེས་༧་ཉིན་དབྱིན་ཇིའི་དབང་སྒྱུར་དུས་ཀྱི་ཧོང་ཀོང་སྤྱི་ཁྱབ་མཐའ་མ་ཁེ་རི་སི་ཕེ་ཊོན་ལ་ཨོ་གླིང་རྒྱལ་ཁབ་ཀྱི་གསར་འགྱུར་ལས་ཁང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་མུ་མཐུད་དུ་ལང་བཞིན་པར་བཅར་འདྲི་ཞུས། ཁེ་རི་སི་ཕེ་ཊོན་གྱིས་ཧོང་ཀོང་གི་གནད་དོན་ནི་ཕྱོགས་གང་ནས་བལྟས་ཀྱང་མངའ་ཁུལ་དེའི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་དུས་དབྱིན་རྒྱ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་དུ་སྤེལ་བའི་གསལ་བསྒྲགས་ཀྱི་འབྲུ་དོན་ཁག་རྒྱ་ནག་གཞུང་གིས་སྣང་མེད་བཏང་ཞིང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་བླངས་ནས་ལོ་༢༢་ཀྱི་རིང་ལ་ཧོང་ཀོང་རང་བཙན་གྱི་མངོན་འདོད་འཆང་བའི་མི་རབས་ཞིག་སྐྱེད་སྲིང་བྱས་པ་རེད་ཅེས་བཤད་འདུག

སྤྱིར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ལས་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པས་རྒྱ་ནག་དང་དབྱིན་ཇིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ལ་འབྲེལ་བ་མེད་ཅེས་ཁྱབ་བསྒྲགས། འོན་ཀྱང་ཧོང་ཀོང་དབྱིན་ཇིའི་དབང་སྒྱུར་འོག་ཏུ་ཡོད་པའི་སྐབས་ཀྱི་སྤྱི་ཁྱབ་མཐའ་མ་ཁེ་རི་སི་ཕེ་ཊོན་རྒྱ་ནག་གཞུང་གི་བཤད་སྟངས་དེར་ངོས་ལེན་བྱེད་ཀྱི་མེད་ཅིང་། ཁོང་གིས་ཧོང་ཀོང་གི་གནད་དོན་ཐག་གཅོད་བྱེད་སྟངས་འདི་ལ་བལྟས་ན་རྒྱ་ནག་གིས་རྒྱལ་སྤྱིའི་ལས་འགན་འཁྱེར་སྟངས་དེ་རྣམ་འགྱུར་ཙམ་ཞིག་དང་། རྒྱལ་ཁབ་གཞན་གྱིས་རྒྱལ་སྤྱིའི་གྲོས་ཆོད་ཁག་ལ་སྲུང་བརྩི་བྱེད་ཀྱི་ཡོད་པ་ཇི་བཞིན་རྒྱ་ནག་གིས་ཀྱང་དེ་ལྟར་སྲུང་བརྩི་ཞུ་དགོས་པའི་ངོས་འཛིན་བྱས་ཡོད་པ་རེད།

རྒྱ་ནག་གཞུང་དང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁེ་རི་སི་ཕེ་ཊོན་ལ་སྐྱོན་བརྗོད་ལན་མང་བྱས་ཏེ་ཁོ་པས་ཧོང་ཀོང་གི་གནད་དོན་ལ་ཐེ་ཇུས་དང་ངོ་རྒོལ་བ་ཚོར་ངན་སྐུལ་བྱེད་མཁན་གཏེ་བོ་ཞིག་རེད་ཅེས་སྐྱོན་བཙུགས། ཡིན་ནའང་དོན་དངོས་སུ་ཧོང་ཀོང་གི་རྩིས་སྤྲོད་ཁྲིམས་གཞི་ལ་ངོ་རྒོལ་བྱེད་མཁན་མང་ཆེ་བ་ནི་༡༩༩༧་ལོར་ཧོང་ཀོང་གི་བདག་དབང་དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་རྗེས་སུ་སྐྱེས་ནས་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན་ཞིང་། མི་རབས་གསར་པ་འདི་དབྱིན་ཇིའི་འཛིན་དབང་སྒྱུར་འོག་གི་མི་རབས་དེ་དང་མ་འདྲ་བར་སྐད་ཆ་བཤད་སྟངས་ནི་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་བའི་བཤད་སྟངས་ཉག་ཅིག་རེད་ཅེས་བཤད་འདུག

ཁེ་རི་སི་ཕེ་ཊོན་གྱིས་མུ་མཐུད་དུ་བརྗོད་དོན། ད་ལྟའི་བར་དུ་ང་ལ་མཚོན་ན་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་སྤེལ་བཞིན་པའི་དྲག་སྤྱོད་ལ་སྐྱོན་བརྗོད་མ་བྱས་པ་མིན། ངས་དྲག་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ཁོ་ཚོས་དྲག་པོའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར་བསམ་ཤེས་བྱེད་ཐུབ། རྒྱུ་མཚན་ནི་ད་ལྟའི་བར་དུ་ཧོང་ཀོང་གཞུང་གིས་ངོ་རྒོལ་ལས་འགུལ་བ་ཚོར་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་འདོད་པ་བསྟན་མེད་པ་དེར་ཐུག་འདུག་ཅེས་བཤད། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་རྩིས་སྤྲོད་ཁྲིམས་གཞི་ཕྱིར་བསྡུ་བྱ་དགོས། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་རང་གི་ལས་གནས་ནས་གནས་དབྱུང་གཏོང་དགོས། ཧོང་ཀོང་དམངས་གཙོའི་འོས་འདེམས་བྱ་དགོས་པ་དང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཉེན་རྟོག་པས་དྲག་གནོན་བྱེད་བཞིན་པར་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས། ཧོང་ཀོང་གཞུང་གིས་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་བཏང་ནས་ནག་ཉེས་འཛུགས་མི་ཆོག་ཅེས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པའི་གྲས་ཀྱི་རྩིས་སྤྲོད་ཁྲིམས་གཞི་ཕྱིར་བསྡུ་བྱས་ཀྱང་དགོས་འདུན་དོན་ཚན་གཞན་ཁག་ལ་ཧོང་ཀོང་གཞུང་གིས་ཁས་ལེན་བྱས་མེད་པ་རེད།

ཁ་སང་ཧོང་ཁོང་གི་སྤྱི་ཁྱབ་ཁེ་རི་ལམ་དང་རྒྱ་ནག་གི་སྲིད་བློན་གཞོན་པ་ཧན་ཀྲིན་གཉིས་ཐུག་འཕྲད་བྱུང་ཞིང་། ཧན་ཀྲིན་གྱིས་དྲག་སྤྱོད་ལས་འགུལ་དེས་ཧོང་ཀོང་གི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་གཏོར་བརླག་བྱེད་ཀྱི་ཡོད་པར་མ་ཟད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་ལའང་རྒྱབ་འགལ་བྱུང་སྟེ་ཧོང་ཀོང་གི་སྤྱི་ཚོགས་བདེ་འཇགས་དང་ཧོང་ཀོང་མི་དམངས་ཀྱི་ཁེ་ཕན་བཅས་ལ་གནོད་ཀྱི་ཡོད་པར་བརྟེན། ཧོང་ཀོང་ས་གནས་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་ལག་ལེན་བསྟར་དགོས། དེ་ལྟར་མ་བྱུང་ན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཐད་ཀར་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལག་ལེན་བསྟར་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ཀྱང་རྒྱ་ནག་གི་སྲིད་བློན་གཞོན་པའི་སྐད་ཆ་དེ་རྣམས་ལུང་འདྲེན་གྱིས་ཧོང་ཀོང་དུ་འབྱུང་བཞིན་པའི་ཟིང་ཆ་དང་དྲག་སྤྱོད་ལ་ཚོད་འཛིན་བྱ་རྒྱུ་དེར་སྔར་ལས་ཆོད་སེམས་བརྟན་པོ་ཡོད་ཅེས་བཤད་འདུག

XS
SM
MD
LG