ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཞིག་ལ་རྨས་སྐྱོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧོང་ཀོང་གྲོས་ཚོགས་ཀྱི་ས་གནས་འོས་བསྡུའི་ཁྱབ་བསྒྲགས་ཀྱི་སྐབས་སུ་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཧི་ཅོན་ཡོ་ལ་མི་ཞིག་གིས་ངོ་རྒོལ་བྱས་ནས་གྲི་བཙུགས་ཏེ་རྨས་སྐྱོན་ཕོག ཧི་ཅོན་ཡོ་ལ་གཏོར་རྒོལ་བྱེད་མཁན་སྐྱེས་པ་དེ་ས་གནས་ས་ཐོག་ཏུ་འཛིན་བཟུང་བྱས་ཡོད་ཅེས་ཧོང་ཀོང་གི་ཉེན་རྟོག་པས་འགྲེལ་བཤད་བྱས་འདུག

ཧི་ཅོན་ཡོ་མུ་མཐུད་དུ་ཧོང་ཀོང་ཐཱོན་མིན་ས་ཁུལ་གྱི་གྲོས་ཚོགས་འཐུས་མི་འདེམས་ལ་འགྲན་ཞུགས་ཀྱི་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཅིང་། གཟའ་ལྷག་པའི་ཉིན་དྲིལ་བསྒྲགས་བྱ་ཡུལ་ས་གནས་སུ་མི་ཞིག་གིས་མེ་ཏོག་ཞིག་འབུལ་རྒྱུའི་རྣམ་འགྱུར་བསྟན། དེ་ནས་གློ་བུར་ཏུ་ཁུག་མའི་ནང་ནས་མཚོན་ཆ་བླངས་ཏེ་ལག་འཛིང་གིས་ངོ་རྒོལ་བྱས་ཏེ་རྨས་སྐྱོན་བྱུང་། གྲོས་ཚོགས་འཐུས་མི་དེའི་མཉམ་དུ་སྐྱེས་པ་གཞན་པ་གསུམ་ལའང་རྨས་སྐྱོན་བྱུང་བའི་གནས་ཚུལ་ཐོན། ཧི་ཅོན་ཡོ་ལ་རྨས་ཕོག་རྗེས་སྨན་ཁང་དུ་ཁྲིད། ཁོ་པས་སྨན་ཁང་དུ་ཡིག་ཐོག་ལ་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེར་རང་གི་བྲང་སྟོད་གཡོན་ངོས་སུ་གྲི་ཕོག་བྱུང་། ཡིན་ནའང་ཁོ་པའི་ཚེ་སྲོག་ལ་ཉེན་ཁ་མི་འདུག་ཅེས་བཀོད།

ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་གཞུང་གིས་ཀྱང་གསལ་བསྒྲགས་སྤེལ་ནས་ཧི་ཅོན་ཡོ་ལ་འཇབ་རྒོལ་གྱིས་རྨས་སྐྱོན་ཕོག་པར་སྐྱོན་བརྗོད་ནན་པོ་བྱས་པར་མ་ཟད། ཧོང་ཀོང་ནི་སྣ་མང་དཀྱེལ་ཡངས་ཀྱི་སྤྱི་ཚོགས་ཤིག་ཡིན་པས་མི་རྣམས་ཞི་བདེ་ལུགས་མཐུན་དང་གུས་བརྩིའི་སྒོ་ནས་རང་གི་བསམ་འཆར་བཤད་ཆོག མི་སུ་ཞིག་གིས་དྲག་སྤྱོད་སྤེལ་ན་སྲིད་གཞུང་གིས་གཏན་ནས་དེ་ལ་བཟོད་སྒོམ་བྱེད་མི་སྲིད་ཅེས་བསྒྲགས། ཕྱི་ཟླ་༡༡་པའི་ཚེས་༦་ཉིན་རྨས་སྐྱོན་ཕོག་པའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཧི་ཅོན་ཡོ་ནི་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་དོན་ཚོགས་པ་ཅཱན་ཀྲི་ཕད་ཅེས་པའི་ཚོགས་མི་ཞིག་ཡིན་ཞིང་། ཅཱན་ཀྲི་ཕད་སྲིད་དོན་ཚོགས་པའི་ལས་སྣེ་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐེངས་འདིར་གྲོས་ཚོགས་འཐུས་མིར་རྨས་སྐྱོན་བཟོས་པའི་དྲག་སྤྱོད་འདིར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། གྲོས་ཚོགས་འཐུས་མིའི་འོས་འགྲན་དེ་འདྲ་མཉམ་དང་དྲང་པོ། ཡོངས་བསྒྲགས་བཅས་ཡོང་མིན་ནི་ཧོང་ཀོང་གཞུང་དང་འོས་བསྡུ་ལྷན་ཁང་གི་འགན་ཁུར་ཡིན། ང་ཚོ་སྲིད་དོན་ཚོགས་པའི་ཚོགས་མི་རྣམས་ཀྱི་ལས་འགན་མ་རེད་ཅེས་བཀྲལ།

ཧོང་གི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་འགུལ་ལ་འོས་མིར་ངོ་རྒོལ་བྱས་ནས་རྨས་སྐྱོན་ཕོག་པ་ཐེངས་དང་པོ་མིན། བདུན་ཕྲག་སྔོན་མའི་གཟའ་ཉི་མའི་ཉིན་ཡང་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་འཐུས་མི་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན། ད་སྔ་གྲོས་ཚོགས་འཐུས་མིར་ངོ་རྒོལ་བྱེད་མཁན་དང་རྨས་སྐྱོན་ཕོག་པའི་མི་གཞན་གསུམ་ཡོད་ཀྱང་སྐྱེ་བོ་དེ་དག་སུ་སུ་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་བསྒྲགས་མེད་ཅིང་། མི་ཚོས་ཐེངས་འདིའི་དྲག་སྤྱོད་ཀྱི་ངོི་རྒོལ་འདིར་ཁ་གཡར་ནས་མ་འོངས་པའི་སྤྱི་ཟླ་༡༡་པའི་ཚེས་༢༤་ཉིན་གྱི་ཧོང་ཀོང་གི་ས་གནས་གྲོས་ཚོགས་འཐུས་མིའི་འོས་བསྡུ་དེ་ཕར་འགྱངས་སམ། ཡང་ན་ཕྱིར་བསྡུ་བྱ་སྲིད་པའི་དོགས་པ་བྱེད་མཁན་ཡང་ཡོང་གི་ཡོད་པ་རེད།

དུས་ཡུན་རིང་པོ་ཞིག་ལ་ཧོང་ཀོང་གི་ས་གནས་འོས་མིའི་གྲས་སུ་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཅཱ་ཀྲི་ཕད་ཅེས་པར་སྟོབས་ཤུགས་ཆེན་པོ་ཡོད་ཀྱང་ད་ལོར་ལྟ་བུར་མཚོན་ན་ཧོང་ཀོང་གི་མི་མང་པོ་ཞིག་གཞུང་གི་སྟེང་དུ་ཁོང་ཁྲོ་ཆེན་པོི་ལངས་ཡོད་པས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་འཐོབ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་སྟེ། ཉེ་ཆར་ཧོང་ཀོང་འཛིན་སྐྱོང་གཞུང་གི་སྤྱི་ཁྱབ་ཁེ་རི་ལམ་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱུང་ཞིང་། ཞིས་ཅིན་ཕིང་གིས་ཁེ་རི་ལམ་ལ་གདེང་འཇོག་ཆེན་པོ་དང་མ་འོངས་པར་མུ་མཐུད་དུ་རྒྱབ་སྐྱོར་དང་ཡིད་ཆེས་ཡོད། ཧོང་ཀོང་འཛིན་སྐྱོང་གཞུང་ལའང་རྒྱབ་སྐྱོར་བྱ་རྒྱུ་ཞེས་བཤད།

སྤྱི་ཚེས་༦་ཉིན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ལས་དོན་ཁང་གི་འགན་འཛིན་རྒྱ་ནག་གི་སྲིད་བློན་གཞོན་པ་ཧན་ཀྲིན་གྱིས་ཀྱང་ཁེ་རི་ལམ་ལ་ཐུག་འཕྲད་ཀྱིས་ཧོང་ཀོང་གི་སྤྱི་ཁྱབ་གཙོས་འགོ་ཁྲིད་ཚོར་སྣེ་ཁྲིད་པ་ཚོ་དང་ཉེན་རྟོག་པའི་སྡེ་ལ་རྒྱབ་སྐྱོབ་ཆེན་པོ་ཡོད་ཅེས་བཤད་ཡོད། དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དབུས་གཞུང་གི་འགོ་ཁྲིད་ཚོས་གཏམ་བཤད་བྱས་སྟངས་དང་། ཉེ་ཆར་རྒྱ་ནག་གིས་བཏོན་པའི་ཧོང་ཀོང་འཛིན་སྐྱོང་གི་ཐག་གཅོད་ཡིག་ཆ་སོགས་ཕྱོགས་གང་ལ་བལྟས་ཀྱང་ཧོང་ཀོང་བ་ཕལ་མོ་ཆེའི་མངོན་འདོད་ལ་རྒྱབ་འགལ་བྱུང་ཡོད་པས་མ་འོངས་པར་ཧོང་ཀོང་གི་སྤྱི་ཚོགས་གནད་དོན་ཐག་གཅོད་ཡོང་བར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་འཐོན་སྲིད་ཅེས་དབྱེ་ཞིབ་བྱས་འདུག

XS
SM
MD
LG