ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིན་ཅང་གི་བཀག་ཉར་ཁང་ཞིག་ཏུ་མི་༡༠༠་ལྷག་འདས་གྲོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདས་པའི་བདུན་ཕྲག་དེར་ཞིན་ཅང་གི་ཨ་ཁུ་སུའུ་ས་ཁུལ། ཁོའུ་ཊི་རྫོང་གི་སྤྱི་བདེ་མི་སྣ་ཡིན་ཟེར་མཁན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱི་གསར་འགོད་པར་གནས་ཚུལ་འགྲེལ་བཤད་བརྒྱབ་པ་ལྟར་ན། ཞིན་ཅང་ཨ་ཁུ་སུའུ་གྲོང་ཁྱེར་དུ་ཡོད་པའི་ལག་ཤེས་སློབ་སྦྱོང་ལྟེ་གནས་དང་པོའི་ནང་དུ་ལོ་ཕྱེད་ཀའི་རིང་ལ་མ་མཐར་ཡང་ཡུ་གུར་བ་༡༥༠་འདས་གྲོངས་སུ་ཕྱིན་འདུག དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཞིན་ཅང་གི་ཨ་ཁུ་སུའུ་ས་ཁུལ་གྱི་ལག་ཤེས་སློབ་གྲྭར་འབོད་པའི་བཀག་ཉར་ཁང་དེར་ཁྱོན་བསྡོམས་མི་༢༠༠་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

གོང་གི་བཅར་འདྲི་ཞུ་ཡུལ་སྤྱི་སྡེ་མི་སྣ་དེས་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ནི་ཧ་ཅང་གི་མང་པོ་ཞིག་མ་ཡིན་པར་མི་༡༥༠་ཡས་མས་ཤིག་རེད། ཁོ་པར་སྤྱི་ལོ་༢༠༡༨་ཀྱི་ཕྱི་ཟླ་༦་པ་ནས་ཕྱི་ཟླ་༡༢་པའི་བར་དུ་ལག་ཤེས་སློབ་གྲྭ་དེར་ལས་བགོས་བརྒྱབ་པི་སྐབས་སུ་གནས་ཚུལ་དེ་ཚོ་བྱུང་སོང་ཞེས་བཤད། གཞན་ཡང་ཞིན་ཅང་གི་ཨ་ཁུ་སུའུ་ས་ཁུལ། ཁུའུ་ཊི་གྲོང་ཁྱེར་དུ་ཁྱོན་བསྡོམས་བཀག་ཉར་ཁང་༤་ཡོད་པ་དང་། ཐེངས་དེར་མི་༡༥༠་ཡས་མས་ཤིག་འདས་གྲོངས་ཕྱིན་ཡོད་པའི་ལག་ཤེས་སློབ་གྲྭ་ནི་ལྟེ་གནས་དང་པོ་ཡིན་ཞིང་། ལག་ཤེས་སློབ་གྲྭ་ཞེས་པའི་ལྟེ་གནས་དེ་ཨ་ཁུ་སུའུ་གྲོང་ཁྱེར་ཁྲིམས་འཛིན་ལས་ཁུངས་ཀྱིས་འཛིན་སྐྱོང་བྱེད་བཞིན་ཡོད་པ་སྟེ། སྤྱི་ལོ་༢༠༡༧་ལོར་བཅོས་སྒྱུར་རྒྱ་སྐྱེད་བཏང་བ་དྲ་ལམ་དུ་ཡོངས་བསྒྲགས་སུ་བཀོད།

ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་པོ་བཀག་ཉར་ཁང་དུ་བཅུག་ཡོད་པའི་གནས་ཚུལ་དེ་སྤྱི་ལོ་༢༠༡༧་ལོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་བྱུང་། དེ་ནས་བཟུང་སྟེ་བཀག་ཉར་ཁང་དེ་དག་གི་ནང་དུ་མི་མང་པོ་ཞིག་འདས་གྲོངས་སུ་འགྲོ་བཞིན་པའི་གསར་འགྱུར་ཐོན་མོད། འོན་ཀྱང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཞིག་གིས་དངོས་སུ་མི་དེ་འདྲའི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་ཁུངས་སྐྱེལ་ར་སྤྲོད་བྱས་པ་ཐེངས་དང་པོར་གྱུར། ད་ལོའི་ཕྱི་ཟླ་༣་པའི་ནང་དུའང་ཨ་རིར་བཙན་བྱོལ་དུ་འབྱོར་བའི་ཡུ་གུར་བའི་བུ་མོ་མཱི་ན་ཞེས་པ་ཞིག་གིས་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་ཚོགས་འདུ་ཞིག་གི་སྐབས་སུ་རང་གི་ཉམས་མྱོང་དང་སྦྲགས་ནས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་གི་ཡ་ང་བའི་གནས་ཚུལ་རྣམས་ཡོངས་བསྒྲགས་སུ་བསྒྲགས། ཁོ་མོ་སྤྱི་ལོི་༢༠༡༨་ལོར་ཞིན་ཅང་གི་བཀག་ཉར་ཁང་ཞིག་ཏུ་ཟླ་བ་༣་ལ་བཀག་ཉར་བྱས་སོང་། དེའི་སྐབས་སུ་མི་༦༨་མཉམ་དུ་བཙོན་འཇུག་བྱས་ཡོད་པའི་གྲས་ནས་མི་༩་འདས་གྲོངས་སུ་ཕྱིན་པ་དངོས་སུ་མཐོང་བྱུང་། དེ་ལྟར་ཚོད་རྩིས་བྱས་ན་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་མི་ཅི་ཙམ་འདས་གྲོངས་སུ་འགྲོི་བཞིན་ཡོད་མེད་ཀྱི་གྲངས་འབོར་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད།

ཞིན་ཅང་གི་ཡུ་གུར་བའི་གནས་སྟངས་ཡ་ང་བ་དེའི་རྐྱེན་བྱས་ནས་ཉེ་ཆར་ཨ་རི་དང་ཨོ་གླིང་རྒྱལ་ཁབ། ཁེ་ན་ཌ། ཧྥ་རན་སི། འཇར་མན་ཎི། ཉི་ཉོང་། ནོར་ཝེ། ཧོ་ལན་ཌི་སོགས་རྒྱལ་ཁབ་༢༣་གྱིས་སྤྱི་ཟླ་༡༠་པའི་ཚེས་༣༠་ཉིན་མཉམ་འབྲེལ་རྒྱལ་གྱི་ཚོགས་ཆེན་སྐབས་སུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་བཀག་ཉར་ཁང་དུ་འཇུག་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་རྒྱུན་བཞུགས་སྐུ་ཚབ་ཀྱིས་ཨ་རི་སོགས་ཀྱི་བྱ་སྤྱོད་དེས་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ལ་གནོད་པ་སྐྱེལ་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པའི་རྒྱ་ནག་དང་པ་ཀི་སི་ཐན། ཨུ་རུ་སུ། ཨི་ཇེབ། བྷོ་ལི་ཝྭི་ཡ་བཅས་རྒྱལ་ཁབ་༥༤་ཡིས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་ངོ་རྒོལ་བྱས་པའི་བརྒྱུད་རིམ་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་བརྩི་བཀུར་བྱས་ཡོད་པ་སོགས་ཀྱི་གཏམ་བརྗོད་སྤེལ་འདུག ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས་སྤྱི་ལོི་༢༠༡༧་ལོའི་ཕྱི་ཟླ་༤་པ་ད་ལྟའི་བར་དུ་ཁྱོན་བསྡོམས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་དང་འབུམ་ལྔ་ལྷག་རྒྱ་ནག་གཞུང་གིས་བཀག་ཉར་ཁང་གི་ནང་དུ་བཅུག་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན་ཞེས་འགྲེལ་བཤད་ཐ་དད་ཅིག་རྒྱག་གི་ཡོད་པ་རེད།

XS
SM
MD
LG