ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འོས་བསྡུའི་འགྲན་ཞུགས་ཐོབ་ཐང་འཕྲོག་པར་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཧོང་ཀོང་ས་གནས་གཞུང་གིས་དམངས་གཙོ་དོན་གཉེར་བ་ཧོང་ཀྲི་ཧྥུན་ཧོང་ཀོང་གི་ས་གནས་གྲོས་ཚོགས་འཐུས་མིར་འགྲན་ཞུགས་བྱ་རྒྱུའི་ཐོབ་ཐང་རྩིས་མེད་བཏང་བར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མང་པོ་ཞིག་གིས་སྒེར་གྱི་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་སྤེལ་ནས་ཧོང་ཀོང་ས་གནས་གཞུང་གི་ཐག་གཅོད་ནི་མངའ་ཁུལ་དེའི་ཁྲིམས་སྐྱོང་ལམ་ལུགས་ལ་རྒྱབ་འགལ་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཊོས་ཊར་དྲྭ་ལམ་དུ་ཧོང་ཀོང་གཞུང་གིས་ཧོང་ཀྲི་ཧྥིན་དམངས་གཙོའི་འོས་འདེམས་ལ་འགྲན་ཞུགས་བྱེད་དུ་བཅུག་མེད་པ་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་གི་ལས་དོན་ལ་ཐལ་དྲགས་པའི་ཐེ་ཇུས་བྱེད་བཞིན་པའི་དཔེ་མཚོན་ཞིག་རེད་ཅེས་བཀོད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཧོང་ཀོང་གཞུང་གི་ཐག་གཅོད་དེ་ཁྲིམས་སྐྱོང་ལམ་ལུགས་ལ་གཏོར་བརླག་བྱས་པ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་ལ་རྒྱབ་འགལ་བྱས་པ་ཞིག་ཀྱང་རེད། ཧོང་ཀོང་མི་དམངས་ལ་རང་ཉིད་མོས་མཐུན་ཡོད་པའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་འོས་འདེམས་བྱེད་ཆོག་པའི་དབང་ཆ་སྤྲོད་དགོས་ཞེས་བསྒྲགས།

གཞན་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་ཨེ་ལེ་ཊི་ཨན་གྷོས་ཀྱང་ཧོང་ཀོང་མི་དམངས་ལ་རང་གི་འགོ་ཁྲིད་རྣམས་འོས་འདེམས་བྱེད་ཆོག་པའི་དབང་ཆ་ཡོད་པས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་སྲོལ་ལ་བརྩི་འཇོག་བྱ་དགོས། རྒྱ་ནག་གིས་ཁྲིམས་མེད་ལུགས་མེད་ཀྱིས་བཙན་གནོན་བྱས་ན་བྱེད་མི་ཆོག་ཅེས་སྐྱོན་བརྗོད་བྱས་འདུག ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མང་པོ་ཞིག་གིས་རྒྱ་ནག་གི་བྱེད་སྟངས་འདི་ནི་མངོན་སུམ་འཛེམ་མེད་ཀྱིས་ཧོང་ཀོང་གི་ཁྲིམས་སྐྱོང་ལམ་ལུགས་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཤིང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཅེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཀྱང་ཧོང་ཀོང་འོས་བསྡུ་ལྷན་ཁང་གིས་མངའ་ཁུལ་དེའི་སློབ་ཕྲུག་གི་འགོ་ཁྲིད་ཟུར་པ་ཧོང་ཀྲི་ཧྥུན་ས་གནས་གྲོས་ཚོགས་ཀྱི་འཐུས་མིར་ལང་རྒྱུའི་ཐོབ་ཐང་མེད་པར་བཏང་བ་ནི་དོ་བདག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བྱས་པ་ཞིག་རེད། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཧོང་ཀྲི་ཧྥུན་བསྐྱར་དུ་གྲོས་ཚོགས་འཐུས་མིར་ལང་ཆོག་པའི་ཐོབ་ཐང་མྱུར་ཏུ་སླར་གསོ་བྱ་དགོས་ཞེས་ཧོང་ཀོང་འོས་བསྡུ་ལྷན་ཁང་ལ་འབོད་སྐུལ་ཞུས་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འོས་མི་ཞིག་གིས་ཞི་བའི་སྒོ་ནས་ཆབ་སྲིད་ལྟ་གྲུབ་ལ་ཁ་གཡར་ནས་འོས་བསྡུའི་འགྲན་རྩོད་ལ་མཉམ་ཞུགས་བྱེད་ཆོག་པའི་ཐོབ་ཐང་འཕྲོག་པ་ནི་འགྲོ་བ་མིའི་སྨྲ་བརྗོད་རང་དབང་གི་གཞི་རྩའི་ཐོབ་ཐང་ལ་རྒྱབ་འགལ་བྱས་པ་ཞིག་དང་། རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་ཆིངས་ཡིག་ནང་དུ་སྨྲ་བརྗོད་རང་དབང་དང་འོས་འདེམས་ལ་འགྲན་ཞུགས་བྱེད་ཆོག་པའི་གཞི་རྩའི་ཐོབ་ཐང་ཁག་ལ་འགན་སྲུང་བྱེད་ཡོད་པ་དང་རྒྱབ་འགལ་བྱུང་འདུག་ཅིང་། རྒྱལ་སྤྱིའི་ཆིངས་ཡིག་འདི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལའང་ཁྱབ་ཡོད་ཅེས་འགྲེལ་བཤད་བརྒྱབ་འདུག

ཧོིང་ཀོང་འོས་བསྡུ་ལྷན་ཁང་གིས་ཧོང་ཀྲི་ཧྥིན་གྱི་འོས་འདེམས་ཐོབ་ཐང་རྩིས་མེད་བཏང་བར་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ལས་དོན་ཁང་གི་མགྲིན་ཚབ་པས་ཕྱི་ཚེས་༣༠་ཉིན་གསལ་བསྒྲགས་སྤེལ་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་གཞུང་གི་ཐག་གཅོད་ནི་དངོས་ཡོད་དང་ཁྲིམས་མཐུན་ཞིག་རེད། ང་ཚོ་ཐག་གཅོད་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོད། ཧོང་ཀྲི་ཧྥུན་གྱིས་ལོ་མང་རིང་ལ་ཧོང་ཀོང་རང་བཙན་དང་རང་ཐག་རང་གཅོད་ཀྱི་དགོས་འདུན་བཏོན། ད་ལོའི་ངོ་རྒོལ་དུས་སུ་ཕྱིའི་རྒྱལ་ཁབ་ལ་ངན་འབྲེལ་བྱས་སོང་ཞེས་སྐྱོན་བརྗོད་བྱས་འདུག ༢༠༡༩་འདིར་ལོི་ན་༢༣་སོན་པའི་ཧོང་ཀོང་གི་དམངས་གཙོི་དོན་གཉེར་བ་ཧོང་ཀྲི་ཧྥུན་ནི་ཧོང་ཀོང་རང་ཐག་གཅོད་ཀྱི་དགོས་འདུན་འདོན་མཁན་དང་ཧོང་ཀོང་ཀྲུང་ཀྲི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་ཞིང་། ཁོ་པ་ཐེངས་མང་པོར་ཧོང་ཀོང་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱས་མྱོང་བའི་དམངས་གཙོ་དོན་གཉེར་བ་ཞིག་རེད།

XS
SM
MD
LG