ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་ལ་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཡིས་སྤྱི་ཟླ་༡༠་པའི་ཚེས་༢༤་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཝིལ་སིན་རྒྱལ་སྤྱིའི་རིག་གཞུང་ཉམས་ཞིབ་བསྟི་གནས་ཁང་དུ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་དུས་ཡུན་ཆུ་ཚོད་གཅིག་ལྷག་གི་རིང་ལ་གཏམ་བཤད་དང་དེའི་རྗེས་སུ་དྲི་བ་དྲིས་བྱས་ཏེ། ཨ་རིའི་སྲིད་འཛིན་གཞོན་པས་གནད་དོན་ཁག་ཅིག་གི་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོི་བྱས་འདུག

ཐེངས་འདིའི་གཏམ་བཤད་ནི་ལོ་འདིར་ཨ་རིའི་སྲིད་འཛིན་གཞོན་པས་ཨ་རི་དང་རྒྱ་ནག་གི་འབྲེལ་བར་ཆེད་དུ་དམིགས་ནས་གཏམ་བཤད་བྱས་པ་ཐེངས་གཉིས་པ་ཡིན་ཞིང་། ཁོང་གིས་གཏམ་བཤད་ཀྱི་སྐབས་སུ་ཨ་རིས་རྒྱ་ནག་ལ་མུ་མཐུད་དུ་དྲང་བདེན་དང་འདྲ་མཉམ་གྱི་སྒོ་ནས་ལས་དོན་སྒྲུབ་ཀྱི་ཡོད། འོན་ཀྱང་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་གྲོས་མོལ་ཐོག་ཏུ་རྒྱ་ནག་གཞུང་གིས་སྔོན་ཆད་ཁས་ལེན་དམ་བཅའ་བྱས་པ་དེ་དག་ལ་རྒྱབ་འགལ་བྱས་སོང་། ཚོང་ལས་གི་གནད་དོན་ཁ་ཁག་ཅིག་གི་ཐོག་ཏུ་རྒྱ་ནག་གིས་སྔར་ལས་ལྷག་པའི་སྡུག་ཏུ་གཏོང་གི་འདུག ཨ་རིའི་རིག་དངོས་བདག་དབང་རྐུ་འཁྱེར་དང་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་བཙན་འཕྲོག་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

གཞན་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་དམག་གི་སྟོབས་ཤུགས་རྒྱ་བསྐྱེད་ནས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་མངའ་ཁོངས་ལ་སིམ་འཛུལ་བྱས་ནས་བདེ་འཇགས་མེད་པར་བཏང་ནས་འཇིགས་སྐུལ་བྱེད་ཀྱིན་འདུག་ཅེས་ཉེན་བརྡ་བཏང་ཞིང་། ད་དུང་སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཡིས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཚོར་བ་་ཧ་ཅང་སྐྱེན་པོ་ཡོད་པའི་ཐེ་ཝན་དང་ཧོང་ཀོང་། ཞིན་ཅང་བཅས་ཀྱི་གནད་དོན་དང་ཆོས་དད་རང་དབང་བཅས་ལ་དམ་དྲག་གནོན་པོ་བྱེད་ཀྱི་ཡོད་པ་དེ་ལའང་སྐྱོན་བརྗོད་བྱས་ཏེ། རྒྱ་ནག་གུང་ཁྲན་ཏང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་ཁྲིད་མཁན་པོ་རྣམས་འཛིན་བཟུང་བྱེད་བཞིན་པར་མ་ཟད། ཡེ་ཤུའི་གསུང་རབ་བླུ་འགྲེམ་བྱ་རྒྱུ་བཀག་སྡོམ། ཡེ་ཤུའི་ཆོས་ཁང་གཏོར་བཤིག ཡུ་གུར་བ་གཙོས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་པ་སོགས་ལའང་ཁ་རྡུང་བཏང་འདུག ལྷག་པར་དུ་ཞིན་ཅང་གི་གནས་སྟངས་ལ་ང་ཚོས་རྒྱ་གཞུང་ལ་འགན་ཁག་དཀྲི་བཞིན་ཡོད། ཟླ་སྔོན་མར་ཨ་རིའི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁག་ཅིག་ཨ་རིར་ཡོང་མི་ཆོག་པའི་བཀག་འགོག་བྱ་རྒྱུའི་ཐག་གཅོད་བྱས་ཡོད། རྒྱ་ནག་གི་སྤྱི་བདེ་ལས་ཁུངས་ཉི་ཤུ་དང་ཁེ་གཉེར་བཁང་བརྒྱད་ཀྱིས་ད་ལྟའི་བར་ཡུ་གུར་བ་དང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་བཅས་ལ་དྲག་གནོན་དང་སྟངས་འཛིན་གྱི་ལས་དོན་ལ་མཉམ་ཞུགས་བྱས་ཡོད་པར་བརྟེན། ཁོ་ཚོར་ཨ་མི་རི་ཀས་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་ཅེས་བསྒྲགས།

ཐེ་ཝན་གྱི་གནད་དོན་ལ་མཚོན་ན་འདས་པའི་ལོ་གཅིག་ལྷག་གི་རིང་ལ་རྒྱ་ནག་གཞུང་གིས་དངུལ་སྒོར་དང་ཕྱི་འབྲེལ་གྱི་བསླུ་བྲིད་འོག་ཏུ་སླར་ཡང་རྒྱལ་ཁབ་གཉིས་ལ་ཐེ་ཝན་དང་ཕྱི་འབྲེལ་གཅོད་དུ་བཅུག་སོང་། དེར་བརྟེན་ཐེ་ཝན་གྱི་དམངས་གཙོར་གནོན་ཤུགས་ཆེན་པོ་ཞིག་སྤྲད་འདུག ཨ་རིས་ལོ་འདིར་ཐེ་ཝན་ལ་མཚོན་ཆ་མང་པོ་ཞིག་བཙོང་རྒྱུའི་ཆོག་མཆན་བཀོད་ནས་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཨ་རིའི་གཞུང་གིས་ཧོང་ཀོང་མི་དམངས་ཀྱིས་ཞི་བའི་ལམ་ནས་རང་དབང་དང་དམངས་གཙོ་རྩོད་ལེན་བྱེད་བཞིན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མི་ཁྲི་སྟོང་མང་པོ་སྲང་ལམ་དུ་ཕྱིན་ནས་ཞི་བའི་ངོ་རྒོལ་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་ཡོད། ཧོང་ཀོང་མི་དམངས་ཀྱིས་ཀྱང་མུ་མཐུད་དུ་ཞི་བའི་ཐབས་ལམ་རྒྱུན་འཁྱོངས་བྱ་དགོས། ཨ་རིའི་སྲིད་འཛིན་གྱིས་ཀྱང་སྔོན་མ་ནས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་གནད་དོན་འདི་ཞི་བའི་སྒོ་ནས་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ཅེས་བཤད་འདུག

ཨ་རིའི་སྲིད་འཛིན་གཞོན་པའི་ཐེངས་འདིའི་གཏམ་བཤད་ཀྱི་ནང་དུ་ཨ་རིའི་ཨེན་བྷི་ཨེ་ཨི་རྒྱལ་ཡོངས་སླེ་གྲུག་ཚོགས་པ་དང་ན་ཡེ་ཁི་ལུས་རྩལ་གྱི་མཁོ་ཆས་བཟོ་ཚོང་ཁང་གཉིས་དངོས་སུ་མིང་བཏོན་ཏེ་ཨ་རིའི་བཟོ་ཚོང་ཁང་དེ་དག་གིས་གནས་སྐབས་ཀྱི་དཔལ་འབྱོར་ཁེ་ཕན་འབའ་ཞིག་ལ་དམིགས་ནས་ཨ་རིས་བླ་ལྷག་ཏུ་བཀུར་བའི་རང་དབང་དང་དམངས་གཙོའི་རིན་ཐང་གི་ལྟ་གྲུབ་རྣམས་བློས་བཏང་སོང་། ཁོ་ཚོས་དངུལ་སྒོར་གྱི་ཁེ་ཕན་ཆེད་དུ་རྒྱ་ནག་དམར་ཤོག་གཞུང་གི་ནོར་འཁྲུལ་ལ་སྐྱོན་བརྗོད་མི་བྱེད་པར་མ་ཟད། ཨ་རིའི་རིན་ཐང་གི་ལྟ་ཚུལ་ཁྱབ་སྤེལ་བྱ་རྒྱུ་དེ་ལའང་འབད་བརྩོན་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

XS
SM
MD
LG