ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་དྲ་ཇག་གི་ཤུགས་རྐྱེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདས་པའི་ལོ་ངོ་གསུམ་གྱི་རིང་དུ་རྒྱ་ནག་གཞུང་གིས་དྲ་རྒྱའི་བརྒྱུད་ལམ་དུ་དྲག་ཇག་གི་བྱ་སྤྱོད་སྤེལ་རྒྱུའི་ནུས་ཤུགས་ཆེ་རུ་གཏོང་བཞིན་པ་དང་། སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོ་ནས་མགོ་བཙུགས་སྟེ་རྒྱ་ནག་གི་དྲ་ཇག་གི་ལས་ཀ་བྱེད་མཁན་དག་གིས་དྲ་ལམ་དུ་གཏོར་རྒོལ་བྱེད་རྒྱུའི་ལག་རྩལ་གསར་བ་སྦྱངས་ནས་ཀུ་ཤུ་དང་ཨན་དྲོ་ཡི་ཁ་པར་མ་ལག་གི་ནང་དུ་གནས་ཚུལ་བརྐུ་འཁྱེར་སོགས་དྲ་ལམ་གཏོར་བཤིག་གི་ལས་ཀ་བྱེད་བཞིན་པའི་སྐོར་དེ་རིང་སྤྱི་ཟླ་བཅུ་བའི་ཚེས་ཉེར་གཉིས་ཀྱི་ཉིན་ཨ་རིའི་ཉིག་ཡོག་དུས་བབས་ཏུ་གནས་ཚུལ་སྤེལ་འདུག ཉམས་ཞིབ་པའི་ཞིབ་འཇུག་བྱས་པ་ལྟར་ན་རྒྱ་ནག་གི་དྲ་ཇག་རྣམས་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་དང་ཕྱིའི་རྒྱལ་ཁབ་དུ་ཡོད་པའི་རྒྱ་ནག་གི་མི་སེར་རྣམས་རེད་ལ། ད་སྔ་རྒྱ་ནག་གི་དྲ་ཇག་སྡེ་ཚན་ནས་བ་ཚི་ཨ་ཕི་ཡི་གླེང་མོལ་མཉེན་ཆས་ཀྱི་ནང་དུ་ཨ་རིའི་ཉིག་ཡོག་དུས་བབས་ཀྱི་གསར་འགོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་མི་སྣ་རུ་བརྫུས་ནས་ཏྰ་ལའི་བླ་མའི་སྐུ་སྒེར་ཡིག་ཚང་དང་། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ལ་དྲ་དྲམ་ནས་གཏོར་རྒོལ་བཏང་ཡོད་པ་དང་། གཞན་ཞིན་ཅང་ཡུ་གུར་བ་རྣམས་ཀྱི་ཁ་པར་གྱི་དྲ་ལམ་དུ་དྲ་ཇག་གིས་གཏོར་བརླག་བྱས་པའི་གནས་ཚུལ་ཁ་ཤས་ཤིག་བྱུང་ཟིན་སོགས་ཀྱི་གནས་ཚུལ་ཀྱང་སྤེལ་འདུག ཨ་རིའི་གཞུང་གི་ལས་བྱེད་ཟུར་པ་ལྗེ་མི་སི་ ལུའུ་བས་སི་ཡིས་ཨ་རིའི་ཝ་ཤིང་ཊོན་འཐབ་ཇུས་ཉམས་ཞིབ་ལྟེ་གནས་སུ་དྲ་རྒྱའི་བདེ་འཇགས་དང་སོ་མྱུལ་བའི་སྐོར་གྱི་རྩོམ་ཡིག་ཞིག་བྲིས་ཡོད་པའི་ནང་དུ། རྒྱ་ནག་གཞུང་གིས་ཁོ་ཚོའི་ཆེས་བཟང་བའི་དྲ་རྒྱའི་ལག་རྩལ་སྤྱད་ནས་ཐོག་མར་སོ་སོ་རང་ཉིད་ཀྱི་མི་དམངས་ལ་སྟངས་འཛིན་བྱེད་ཀྱི་ཡོད་དེ། ཁོ་ཚོ་ཆེས་སྐྲག་ས་ནི་སོ་སོ་རང་ཉིད་ཀྱི་མི་དམངས་ཡིན་ཅེས་དང་། རིམ་བཞིན་ཁོ་ཚོས་ལག་རྩལ་འདི་དག་ཕྱིའི་རྒྱལ་ཁབ་ཏུ་བེད་སྤྱོད་གཏོང་གི་ཡོད་ཅེས་བཤད་འདུག རྒྱ་ནག་གིས་དུས་རྒྱུན་དུ་དྲ་ལམ་དུ་སྟངས་འཛིན་དང་སོ་མྱུལ་བྱས་ཡོད་པའི་དཔེ་མཚོན་དུ་ཉེ་ཆར་ཨ་རིའི་NBA ཡི་སླེ་གྲུག་རུ་ཁག་ཅིག་གི་འགན་འཛིན་ནས་སྒེར་གྱི་ཁྲི་བས་ཁྲི་དྲ་ལམ་དུ་ཧོང་ཁོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་གྱི་ཚིག་འགའ་བརྗོད་པས་དེ་མ་ཐག་རྒྱ་ནག་གཞུང་གིས་ NBAསླེ་གྲུག་རུ་ཁག་དང་འབྲེལ་བའི་རྒྱ་ནག་གི་ཚོང་གི་འབྲེལ་ལམ་མང་པོ་ཞིག་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་དེ་རྒྱ་ནག་གཞུང་གིས་ཕྱིའི་དྲ་རྒྱའི་བརྒྱུད་ལམ་དུ་མངོན་སུམ་འཛེམ་མེད་ཀྱིས་ཤུགས་རྐྱེན་དང་གནོན་ཤུགས་སྤྲད་ཡོད་ཅིང་། ད་ལོའི་ཟླ་བརྒྱད་པའི་ནང་དུའང་ངོ་དེབ་དང་ཁྲི་བས་ཁྲིར་བརྒྱུད་ལམ་དུ་རྒྱ་ནག་གཞུང་གིས་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་མིང་རྫུན་མ་མང་པོ་བེད་སྤྱོད་བཏང་སྟེ་ཧོང་ཁོང་གི་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་གནས་ཚུལ་རྫུན་མ་མང་པོ་འགྲེམས་སྤེལ་བྱས་ཡོད་པ་ནག་བསུབ་གཏོང་དགོས་འཁེལ་བའི་གནས་ཚུལ་བྱུང་། ཉེ་ཆར་ཡང་རྒྱ་ནག་གི་དྲ་ཇག་སྡེ་ཚན་ཞིག་གིས་ཧོང་ཁོང་གི་གསར་འགྱུར་བརྒྱུད་ལམ་ཞིག་ཏུ་ཟླ་ཤས་རིང་གཏོར་རྒོལ་བྱས་ཡོད་པའི་གནས་ཚུལ་ཀྱང་དྲ་ལམ་བདེ་འཇགས་ཀྱི་ཞིབ་འཇུག་སྡེ་ཚན་ཞིག་གིས་གནས་ཚུལ་སྤེལ་ཡོད་པ་རེད། དྲ་རྒྱའི་བདེ་འཇགས་ཐད་ཀྱི་ཉམས་ཞིབ་པ་ཁ་ཤས་ཀྱིས་རྒྱ་ནག་གི་དྲ་ཇག་གི་ལག་རྩལ་ཇེ་ལེགས་སུ་ཕྱིན་ནས་ད་ལྟ་ཨུ་རུ་སུ་དང་མཉམ་ཡོད་པའི་ངོས་འཛིན་བྱས་འདུག་པ་དང་། རྒྱ་ནག་གཞུང་གིས་སྔོན་ཐོན་གྱི་ལག་རྩལ་འདི་དག་སྤྱད་ནས་རྒྱ་ནག་ཏུ་ཡོད་པའི་བོད་དང་ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་དྲ་རྒྱའི་བརྒྱུད་ལམ་ཁག་དུ་སོ་མྱུལ་དང་སྟངས་འཛིན་བྱས་ཏེ་མི་མང་པོར་ཉེས་ཆད་སྣ་ཚོགས་གཅོད་བཞིན་པ་མ་ཟད། ད་ལྟ་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་མི་སྒེར་བ་རྣམས་ཀྱི་ཁ་པར་བརྒྱུད་ལམ་སོགས་སུ་སིམ་འཛུལ་དང་། ངོ་དེབ་སོགས་སུ་གནས་ཚུལ་རྫུན་མ་སྤེལ་ནས་གཏོར་བརླག་བྱེད་ཀྱི་ཡོད་ཅིང་། ཁྱད་པར་དུ་ཞིན་ཅང་ལ་མཚོན་ན་ལམ་ཁ་ཀུན་ཏུ་ལྟ་འཛིན་བརྙན་མིག་སྤྱད་ནས་མིའི་ངོ་གདོང་ངོས་འཛིན་གྱི་དྲ་རྒྱའི་མ་ལག་བརྒྱུད་མི་རེ་རེའི་འགྲོི་འདུག་ལ་རྗེས་འདེད་གཏོང་བ་དང་། ཡུ་གུར་བའི་ཁ་པར་དུ་ཆེད་དམིགས་ཀྱིས་བཟོས་པའི་སྟངས་འཛིན་སྙི་ཆས་ནང་འཇུག་བྱས་ཏེ་ཁོ་ཚོའི་ཁ་པར་བརྒྱུད་ལམ་ལ་ལྐོག་ཉན་དང་ཚོད་འཛིན་བྱེད་བཞིན་པ་མ་ཟད། རྒྱལ་ཁབ་ཕྱི་རུ་ཡོད་པའི་ཞིན་ཅང་ཡུ་གུར་བ་རྣམས་ཀྱི་འགྲོ་འདུག་ལ་ཡང་ལྟ་རྟོག་ནན་མོ་བྱས་ཏེ། ཞིན་ཅང་དུ་ཡོད་པའི་ཁོ་ཚོའི་ནང་མི་རྣམས་འཛིན་བཟུང་བཀག་ཉར་བྱས་ནས་གནོན་ཤུགས་སྤྲོད་པ་དང་འཇིགས་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། སྐད་འཕྲིན་བརྒྱུད་ཁོ་ཚོར་འབྲེལ་བ་བྱས་ནས་ཕྱིར་རྒྱ་ནག་ལ་ལོག་ཐབས་སུ་བསླུ་བྲིད་ཀྱང་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཉིག་ཡོག་དུས་བབས་སུ་འཁོད་འདུག

XS
SM
MD
LG