ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧོང་ཀོང་གི་རྒྱ་ནག་ཕྱོགས་གཏོགས་པར་སྡང་ཟུག


Hong Kong Protests
Hong Kong Protests

༄༅།། ད་ལོའི་ཕྱི་ཟླ་༩་པ་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་རྒྱ་ནག་གཞུང་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཚོང་ལས་ཁག་ལ་གཏོར་བཅོམ་དང་སྐྱེ་བོ་སྒེར་ལ་ངོ་རྒོལ་བྱ་རྒྱུ་འགོ་ཚུགས། ཉམས་ཞིབ་པ་ཚོས་ཧོང་ཀོང་གི་ས་ཁང་རིན་གོང་འཕར་བ་དང་ས་གནས་དེའི་རང་སྐྱོང་གི་ཐོབ་ཐང་བརླག་གི་ཡོད་པ། ཧོང་ཀོང་ས་གནས་གཞུང་གི་འགོ་ཁྲིད་ཚོ་དང་གྲོས་ཚོགས་འཐུས་མི་མང་ཆེ་བ་རྒྱ་ནག་གི་ཕྱོགས་གཏོགས་བཟོ་ཚོང་བདག་པོ་རྣམས་དང་འབྱོར་ལྡན་པ་ཉུང་ཤས་ཤིག་ཡིན་ཞིང་། དེར་བརྟེན་ཧོང་ཀོང་གི་མི་མང་ངོ་རྒོལ་བ་ཚོས་རྒྱ་ནག་གི་ཕྱོགས་གཏོགས་པའི་ཚོང་ལས་ཁག་དང་སྐྱེ་བོ་སྒེར་པ་རྣམས་དམིགས་འབེན་དུ་བཟུང་ནས་གཏོར་བཅོམ་དང་ངོ་རྒོལ་བྱེད་ཀྱི་ཡོད་པར་ཁག་མི་འདུག་ཅེས་དཔྱད་བརྗོད་ཀྱི་རྩོམ་ཡིག་སྤེལ་འདུག

ཧོང་ཀོང་ས་གནས་སུ་དངུལ་ཁང་གི་ཚོང་ལས་གཉེར་མཁན་ཁྲེན་ཞེས་པ་ཞིག་གིས་རང་གི་ཉམས་མྱོང་རྣམས་གསར་འགོད་པར་བརྗོད་དོན། ཟླ་བ་འདིའི་མགོ་སྟོད་དུ་ངས་བཟའ་མི་རྣམས་ཁྲིད་ནས་ཟ་ཁང་དུ་ཕྱིན་པ་ཡིན། ཨ་བྷར་དིན་ས་ཁུལ་གྱི་ཉེ་འགྲམ་དུ་ཡོད་པའི་ཝང་ཆུཀ་ཧན་རྒྱ་ལམ་བཀག་འདུག དབྱུག་པ་ཐོགས་ཏེ་གྱོན་གོས་ནག་པོ་ཅན་ཁག་ཅིག་གིས་རླངས་འཁོར་རྣམས་བཀག་ནས་མིའི་ཁ་པར་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ཉིན་དེར་ཧོང་ཀོང་བ་ཚོས་སྐམ་ས་ཆེན་མོའི་དངུལ་ཁང་གི་ལས་སྣེ་ཞིག་ལ་རྡུང་རྡེག་བཏང་བ་ཤེས་རྟོགས་བྱུང་བས་ང་ཡང་སྐྲག་སོང་། ངས་སྐད་འཕྲིན་བརྒྱུད་ནས་སྐམ་ས་ཆེ་མོའི་ཚོང་ཤག་རྣམས་ལ་འབྲེལ་བ་བྱེད་ཀྱི་ཡོད། གལ་སྲིད་ཁོ་ཚོས་ངའི་ཁ་པར་གྱི་སྐད་འཕྲིན་ནང་གི་སྐད་ཆ་དེ་རྣམས་ཐོས་པ་ཡིན་ན་ང་ཡང་སྐམ་ས་ཆེན་མོ་བ་ཞིག་ཡིན་པ་ཤེས་ངེས་རེད། ངས་ཁོ་ཚོར་ཁ་པར་བསྟན་པ་ཡིན། སྟབས་ལེགས་པ་ཞིག་ལ་དགོང་མོ་དེར་ལམ་འགོག་པ་ཚོས་སྐམ་ས་ཆེན་མོ་བ་རྣམས་ངོ་ཐག་བཅད་ནས་རྡུང་རྡེག་གཏོང་གི་མི་འདུག ཁོ་ཚོས་ཧོང་ཀོང་གི་ཉེན་རྟོག་པ་རྣམས་རྩད་གཅོད་བྱས་ནས་ངོ་རྒོལ་བ་ཚོར་དྲག་གནོན་ཚབས་ཆེན་བྱས་པར་དགྲ་ལན་སློག་གི་འདུག་ཅེས་བཤད།

དངུལ་ཁང་གི་ལས་སྣེ་ཁྲེན་གྱིས་མུ་མཐུད་དུ་བརྗོད་དོནའདས་པའི་ཟླ་བ་བཞིའི་རིང་ལ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གྱི་ངོ་བོར་འགྱུར་བ་ཞིག་གི་ཐེབས་ཀྱི་འདུག ཐོག་མར་རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་གཞུང་ལ་རྩིས་སྤྲོད་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་རྒྱུད་སྐུལ་བྱས་ནས་ངོ་རྒོལ་ལས་འགུལ་འདི་མགོ་བརྩམས་པ་རེད། ད་ལྟ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་ཧོང་ཀོང་བ་དང་རྒྱ་ནག་པའི་འཐབ་རྩོད་ཅིག་ལ་གྱུར་ནས་རྒྱ་ནག་དང་རྒྱ་ནག་གཞུང་རྒྱ་ནག་གི་ཕྱོགས་གཏོགས་པ་ཧོང་ཀོང་བ་ཚོར་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་ལ་འགྱུར་གྱི་འདུག ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིའི་ཐོག་མའི་དམིགས་ཡུལ་བརླགས་ཟིན་འདུག མི་ལ་འཇིགས་སྐུལ་བྱེད་པའི་ཁྲིམས་འགལ་དང་དྲག་ཐལ་གྱི་ལས་འགུལ་འདི་ཚོར་མོས་མཐུན་བྱ་ཐུབ་ཐབས་མེད་ཅེས་བཤད། ཧོང་ཀོང་གི་ཉེན་རྟོག་པ་ཚོས་ངོ་རྒོལ་ཁྲོམ་སྐོར་བའི་ཁྲོད་དུ་མཆི་སྦྱིན་དུག་རླངས་འཕངས་པ་དང་ཚ་རླངས་གཏོར་པ། རྒྱུག་པ་རྡུ་རྡེག་བཏང་བ་དང་འགྱིག་གི་མདེའུ་བརྫངས་ནས་མེ་མདའ་བརྒྱབ་པ། སྐབས་རེ་ཟུང་ཞིག་ལ་ཧོང་ཀོང་གི་ཉེན་རྟོག་པས་མདེའུ་ངོ་མ་བརྫངས་ཏེ་མེ་མདའ་བརྒྱབ་ནས་ངོ་རྒོལ་ཁྲོམ་སྐོར་བ་ཚོར་འཇིགས་སྣང་བསྐུལ། ད་བར་ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བ་༢༠༠༠་ལྷག་འཛིན་བཟུང་བྱས་ཡོད་པ་དེའི་གསུམ་ཆའི་གཅིག་ལྷག་ལོ་༡༨་མན་ཆད་ཀྱི་ན་གཞོན་ཡིན་ཞིང་། ཟླ་བ་སྔོན་མ་ནས་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱ་ནག་སྐམ་ས་ཆེ་མོ་བ་ཚོས་གཉེར་པའི་ཚོང་ཁང་ཁག་ལ་གཏོར་བཅོམ་བྱ་རྒྱུ་འགོ་ཚུགས།

བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཀོ་ལུང་ས་ཁུལ་དུ་སྐམ་ས་ཆེན་མོ་བ་ཚོས་གཉེར་པའི་ལག་འཁྱེར་ཁ་པ་ཚོང་ཁང་ཞིག་དང་ཐུང་རེན་ཐང་ཞེས་རྒྱ་ནག་གི་སྲོལ་རྒྱུན་སྨན་ཚོང་ཁང་། ཀྲུང་ཧྭ་དཔེ་ཚོང་ཁང་སོགས་ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གི་རོགས་རམ་འོག་ཏུ་ཚུགས་པའི་ཚོང་ཁང་ཁག་ལ་གཏོར་བཅོམ་ཕོག དེའི་སྔོན་ལ་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱ་གཞུང་གི་དངུལ་ཁང་གཙོ་གྲས་རྒྱ་ནག་དངུལ་ཁང་གི་ཡན་ལག་དངུལ་ཁང་འང་གཏོར་བཅོམ་བྱས་པར་མ་ཟད། རྒྱ་ནག་གི་ཕྱོགས་གཏོགས་ཧྥུ་ཅན་བ་ཚོས་གཉེར་འཛིན་བྱེད་ཀྱི་ཡོད་པར་དོགས་པ་ཡོད་པའི་ཧྭ་ཝེ་ཁ་པར་ཚོང་ཁང་དང་སི་ཊར་བྷག་འཚིག་ཇ་ཁང་། ཟས་རིགས་དང་ཇ་ཆང་གི་ཚོང་ཁང་ཡོད་དོ་ཅོག་ལ་གཏོར་བཅོམ་བྱེད་ཀྱི་ཡོད་ཅིང་། ཧོང་ཀོང་གི་ངོ་རྒོལ་བ་ཚོས་སྐམ་ས་ཆེན་མོ་བ་རྣམས་ཀྱི་ཚོང་ཁང་ལ་གཏོར་བཅོམ་བྱེད་ཀྱི་ཡོད་པ་གཅིག་པུ་མིན། དཔེར་ན་ཧོང་ཀོང་གི་ཉེན་རྟོག་པར་རྒྱབ་སྐྱོར་དང་ཧོང་ཀོང་ས་གནས་གཞུང་གི་ལངས་ཕྱོགས་ལ་མོས་མཐུན་ཡོད་པའི་མི་མང་། ཧོང་ཀོང་གི་ས་འོག་མེ་འཁོར་ཁ་ལོ་བ་སོགས་ལའང་སྡང་ཟུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་གི་ན་གཞོན་མང་པོ་ཞིག་ངོ་རྒོལ་ལས་འགུལ་དེར་ཞུགས་ཀྱི་ཡོད་པ་ནི་ས་གནས་དེའི་རང་སྐྱོང་གི་ཐོབ་ཐང་རྒྱུན་འཁྱོངས་བྱེད་པའི་ཆེད་དུ་ཡིན་པ་སྟེ། ལོ་ན་༡༧་ལ་སོན་པའི་ཧོ་ཞེས་པ་ཞིག་གིས་ངས་ཧོང་ཀོང་རང་བཙན་གྱི་དོན་དུ་འཐབ་རྩོད་བྱེད་ཀྱི་མེད། ང་༡༩༩༧་གྱི་གཞུག་ཏུ་སྐྱེས་པ་རེད། ངས་ཧོང་ཀོང་རྩིས་སྤྲོད་མ་བྱས་གོང་དུ་རང་དབང་ཅི་ཙམ་ཡོད་མེདམཐོང་མ་མྱོང་། ཡིན་ནའང་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་སྤྲོད་རྒྱུའི་ཁས་ལེན་བྱས་ནས་གྲོས་མཐུན་བཞག་པའི་རྩ་དོན་དེར་རྒྱ་ནག་གིས་བརྩི་འཇོག་བྱ་དགོས་ཞེས་བཤད། མཐོ་འབྲིང་སློབ་ཕྲུག་གཞན་ཞིག་གིས་ཀྱང་ཧོང་ཀོང་ལ་དམངས་གཙོ་ངོ་མ་ཞིག་དར་དགོས་ན་ཧོང་ཀོང་རང་བཙན་བྱ་དགོས་ཀྱིན་འདུག ཡིན་ནའང་དེ་ལ་དཀའ་ངལ་ཅི་ཙམ་ཡོད་པའང་ངས་ཤེས་ཀྱིན་ཡོདངས་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས། ང་ཚོའི་དུས་ཀྱི་གསར་བརྗེ་བསླང་དགོས་ཞེས་སྐད་འབོད་བྱེད་དུས་ཧོང་ཀོང་རང་བཙན་བྱ་དགོས་ཟེར་གྱི་མེད། ངས་བལྟས་ན་ཧོང་ཀོང་བ་ཚོས་ལེགས་བཅོས་གཏོང་དགོས་ཞེས་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་རང་དབང་ལ་དུངས་ཞེན་བྱེད་ཀྱི་འདུག ཧོང་ཀོང་བ་ཚོ་སྔར་བཞིན་མགོ་སྒུར་ནས་འདུག་མཁན་ཞིག་མ་རེདང་ཚོ་གྱེན་རྒོལ་བ་ཞིག་ལ་གྱུར་ཟིན་པ་རེད་ཅེས་བཤད

ཕྱི་ཟླ་༩་པར་ཧོང་ཀོང་གི་རྒྱ་ནག་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཞིབ་འཇུག་ཁང་གིས་མི་མང་ལ་སྐད་ཆ་དྲིས་ནས་བསམ་ཚུལ་བརྟགས་པ་ལྟར་ན། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༣༥་དང་གྲངས་ཆུང་གཅིག་གིས་དྲག་ཐལ་གྱི་ངོ་རྒོལ་བྱས་ནས་ཧོང་ཀོང་ས་གནས་གཞུང་ལ་མི་མང་གི་དགོས་འདུན་བཏོན་པ་བསྒྲུབ་ཏུ་འཇུག་མི་ཐུབ་ཅེས་བཤད། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༦་དང་གྲངས་ཆུང་དགུས་ཧོང་ཀོང་བ་ཚོས་དྲག་ཐལ་གྱི་ངོ་རྒོལ་བྱས་ནས་མི་མང་གིདགོས་འདུན་རྣམས་ཧོང་ཀོང་གཞུང་ལ་སྒྲུབ་ཏུ་འཇུག་དགོས་ཀྱིན་འདུག་ཅེས་བཤད། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༣༦་དང་གྲངས་ཆུང་གཅིག་གིས་ཕྱོགས་ཁག་གཉིས་ཀྱི་གང་ལའང་མི་གཏོགས་པར་བར་གནས་ཡིན་ཞེས་ལན་འདེབས་བྱས་འདུག ད་ལྟའི་དྲག་ཐལ་གྱི་ངོ་རྒོལ་ལས་འགུལ་འདི་ཁ་སྔོན་ཕྱི་ཟླ་༦་པ་དང་༧་གཉིས་ལ་སྤེལ་བའི་ཞི་བའི་ལས་འགུལ་དང་གཏན་ནས་མ་འདྲ་བ་ཞིག་ཏུ་གྱུར། རྒྱ་ནག་གི་དབྱེ་ཞིབ་པ་གྲགས་ཅན་རེན་དབྱི་ཞེས་པ་ཞིག་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེ་ས་གནས་ཀྱི་ངོ་བོ་རྩོད་པའི་ལས་འགུལ་ཞིག་ཏུ་འགྱུར་གྱི་འདུག རྒྱ་ནག་པ་དང་ཧོང་ཀོང་བ་རྣམས་ངོ་བོ་ཐ་དད་རེད། ད་ལྟ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་དམངས་གཙོའི་རང་དབང་རྩོད་པའི་ལས་འགུལ་ཞིག་མ་རེད། འདི་ནི་ཧོང་ཀོང་གི་ངོ་བོ་རྩོད་པ་དང་རྒྱ་ནག་དང་རྒྱ་ནག་མི་རིགས་ལ་འབྲེལ་བ་རྩ་གཅོད་བྱེད་པའི་ཡུལ་པའི་དྲག་ཐལ་གྱི་ལས་འགུལ་ལ་ཞིག་ལ་འགྱུར་གྱི་འདུག་ཅེས་བཤད་དོ།།

XS
SM
MD
LG