ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ཕྱི་འབྲེལ་མི་སྣར་དམིགས་པའི་སྒྲིག་ཁྲིམས་གསར་པ།


༄༅།། ཨ་མི་རི་ཀར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་གི་ཕྱི་འབྲེལ་མི་སྣ་ཚོས་ཨ་རིའི་སྤྱི་སྒེར་གྱི་ལས་སྣེ་ཁག་ལ་ཐུག་འཕྲད་བྱ་དགོས་ན་སྔོན་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་སྙན་སེང་ཞུ་དགོས་པའི་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབས་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། པེ་ཅིང་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པས་འཆར་གཞི་དེར་རྒྱབ་སྐྱོར་ཡོད། རྒྱ་ནག་གིས་ཨ་རིའི་སྒྲིག་ཁྲིམས་གསར་པ་དེ་ཝྭི་ཡ་ནའི་རྒྱལ་སྤྱིའི་ཆིངས་ཡིག་ལ་རྒྱབ་འགལ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་ཏུ་བཅའ་སྡོད་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོར་ཨ་རིར་བཅའ་སྡོད་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོ་ལས་ཀྱང་དམ་དྲག་མང་བ་བྱེད་ཀྱི་འདུག རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་གི་ཚན་པ་ཁག་གི་ལས་སྣེ་ཚོར་ཨ་མི་རི་ཀའི་གཞུང་གིསཕྱི་རྒྱལ་གྱི་ལས་ཁུངས་ཁག་གི་ངོ་བོར་ཐོ་འགོད་བྱ་དགོས་པའིསྒྲིག་ཁྲིམས་གཏན་འབེབས་བྱ་འཆར་འདུག་ཅེས་བཤད།

ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ། དེ་མིན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་རང་གི་འབྲེལ་ཡོད་སྲིད་གཞུང་ཁག་ལ་རྒྱ་ནག་གི་གསང་ཉུལ་ལམ། ཡང་ན་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། གལ་སྲིད་ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་སོགས་ཀྱིས་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ཨ་རི་དང་ཨོ་གླིང་རྒྱལ་ཁབ་སོགས་ཀྱི་སྤྱི་སྒེར་མི་སྣ་ཁག་ལ་འབྲེལ་བ་བྱ་དགོས་ན་སྔོན་ལ་འབྲེལ་ཡོད་རྒྱལ་ཁབ་དེའི་ཕྱི་སྲིད་ལྷན་ཁང་ལ་ཆོག་མཆན་ཞུ་དགོས་པའི་སྒྲིག་ཁྲིམས་ཤིག་ལག་ལེན་བསྟར་ཚེ། རྒྱ་ནག་ཏུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཁ་གི་ཕྱི་འབྲེལ་མི་སྣ་ཚོས་རྒྱ་ནག་གི་སྤྱི་སྒེར་ཁག་ལ་འབྲེལ་བ་བྱེད་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པར་ལན་པ་ཞིག་སློག་པ་མཚོན་ཐུབ། ཨ་རིའི་གཞུང་ཚབ་པས་རྒྱ་ནག་གི་དམ་དྲག་ཅན་གྱི་ལམ་ལུགས་འོག་ལ་མཚོན་ན་ཨ་རིའི་སྒྲིག་ཁྲིམས་གསར་པ་འདི་ཧ་ཅང་གི་སྙོམས་པོ་ཞིག་ཡིན། རྒྱ་ནག་གིས་ཨ་མི་རི་ཀའི་སྒྲིག་ཁྲིམས་གསར་པ་དེ་རྒྱལ་སྤྱིའི་ཆིངས་ཡིག་ཁག་ལ་རྒྱབ་འགལ་རེད་ཟེར་གྱི་ཡོད་པ་དེ་ནི་ུངས་ལུང་མེད་པའི་སྐད་ཆ་ཞིག་རེད་ཅེས་དགག་པ་བརྒྱབ། ཨ་རིའི་གཞུང་གིས་འཆར་འགོད་བྱས་པའི་རྒྱ་ནག་གི་ཕྱི་འབྲེལ་མི་སྣའི་སྒྲིག་ཁྲིམས་གསར་པ་འདི་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་སྒྲིལ་བྱེད་ཐུབ་ཀྱི་མེད་པ་དངའཛམ་གླིང་འདིར་འཕྲུལ་རིག་ལག་རྩལ་བཀོལ་ནས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱིས་སུས་དབང་སྒྱུར་བྱ་རྒྱུ་ཡིན་མིན་སོགས་ཀྱི་རྩོད་གཞི་ཆེན་པོ་ཡོད་པའི་དུས་སུ་བྱུང་འདུག

བདུན་ཕྲག་སྔོན་མར་ཨ་རིའི་གཞུང་གིས་ཁྱབ་བསྒྲགས་བྱས་པའི་སྒྲིག་ཁྲིམས་གསར་པ་དེར་རྒྱ་ནག་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་གི་ལས་སྣེ་ཚོས་ཨ་མི་རི་ཀའི་ཤེས་ཡོན་སློབ་གསོ་བ་དང་ཉམས་ཞིབ་པ། མངའ་སྡེ་དང་གྲོང་ཁྱེར། ས་གནས་སོགས་ཀྱི་སྤྱི་སྒེར་གང་འདྲ་ཞིག་ལ་ཐུག་འཕྲད་བྱ་དགོས་བྱུང་ཡང་སྔོན་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཆོག་མཆན་ཞུ་དགོས་ཞེས་འཁོད། པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པས་ང་ཚོས་རྒྱ་ནག་གི་སྤྱི་དམངས་སྒེར་པ་དང་གཞུང་འབྲེལ་མི་སྣ་ཁག ཉམས་ཞིབ་པ་སོགས་ལ་ཐུག་འཕྲད་བྱ་དགོས་ཟེར་ན་དུས་སྐབས་ཕལ་ཆེ་བར་རྒྱ་ནག་གཞུང་གིས་ཐུག་འཕྲད་ཀྱི་གོ་སྐབས་སྤྲོད་ཀྱི་མི་འདུག་ཅེས་འཁང་བཤད། ན་ནིང་ཕྱི་ཟླ་༡༢་པ་ནས་ཨོ་གླིང་གཞུང་གིས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ཚོང་པ་སྒེར་པ་དང་བཟོ་ཚོང་ལས་ཁང་ཁག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྲིད་གཞུང་ལ་ཤུགས་རྐྱེན་ཐེབས་ཐབས་བྱ་དགོས་ན་ཐམས་ཅད་ཀྱིས་ཨོ་གླིང་གཞུང་ལ་ཐོ་འགོད་བྱ་དགོས་པའི་སྒྲིག་ཁྲིམས་གཏན་འབེབས་བྱས་ཤིང་། འདས་པའི་ལོ་བཅུ་ཕྲག་གཅིག་ལ་རྒྱ་ནག་དམར་ཤོག་ཚོགས་པས་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་ཁག་དང་སྲིད་དོན་པ་སྒེར་པ་ཚོར་ཤུགས་རྐྱེན་ཐེབས་པར་རྒྱ་རིགས་ཚོང་པ་ཚོ་བརྒྱུད་ནས་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་ཁག་དང་སྲིད་དོན་པ་སྒེར་པ་ཚོར་དངུལ་སྒོར་ཞལ་འདེབས་སྤྲད་ནས་རྒྱ་ནག་གི་ཁེ་ཕན་སྒྲུབ་ཏུ་བཅུག་པའི་གནས་ཚུལ་ཐོན་འདུག

ཨ་མི་རི་ཀའི་གཞུང་ཚབ་པས་ང་དང་ཕྱི་རྒྱལ་གྱི་ཕྱི་འབྲེལ་མི་སྣ་ཁག་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་ཇ་ཁང་ལ་འཚིག་ཇ་ཞིག་འཐུང་དུ་ཕྱིན་ཀྱང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་སྔོན་ལ་ཇ་ཁང་དུ་བརྒྱུགས། ཁོ་ཚོས་ཇ་ཁང་གི་ལས་མི་ཚོ་དང་འགྲུལ་པ་ཚོར་ཨ་མི་རི་ཀའི་གཞུང་ཚབ་པ་སོགས་ལ་སྐད་ཆ་བཤད་མི་ཆོག་ཅེས་ཉེན་བརྡ་བཏང་ཟིན་འདུག ང་ཚོ་རྒྱ་ནག་གི་ཉེན་རྟོག་པ་དང་གཞུང་འབྲེལ་མི་སྣ་ཁག་ལ་ཐུག་འཕྲད་བྱེད་འདོད་ཡོད། རྒྱ་ནག་གི་སློབ་ཆེན་ཁག་ལ་ལྟ་སྐོར་དུ་འགྲོ་འདོད་ཡོད་ཅེས་བཤད་ཀྱང་ཆོག་མཆན་སྤྲོད་ཀྱི་མི་འདུག མཐར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་ལ་པེ་ཅིང་དུ་བཅའ་སྡོད་ཨ་རིའི་ཕྱི་འབྲེལ་མི་སྣ་ཚོ་ལའང་རྒྱ་ནག་གིས་ཐུག་འཕྲད་ཀྱི་གོ་སྐབས་འདྲ་མཉམ་ཞིག་སྤྲོད་དགོས་པའི་བརྡ་ཞིག་བཏང་བ་རེད་ཅེས་དགའ་ཚོར་གྱི་སྒོ་ནས་གསར་འགོད་པར་གླེང་མོལ་བྱས་འདུག ཡིན་ནའང་ཨ་རིའི་གཞུང་གིས་རྒྱ་ནག་ལ་ཐད་ཀར་གཞུང་འབྲེལ་གྱིས་སྒྲིག་ཁྲིམས་གསར་པ་དེ་འདྲ་ཞིག་ལག་ལེན་བསྟར་རྒྱུ་ཡིན་ཞེས་བརྡ་བརྒྱབ་མེད་ཀྱང་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཨ་མི་རི་ཀའི་སྒྲིག་ཁྲིམས་གསར་པ་དེར་ངོ་རྒོལ་ཡོད། རྒྱ་ནག་གིས་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཚོར་བཀག་སྡོམ་ཅི་ཡང་བྱེད་ཀྱི་མེད་ཅེས་སྐྱོན་བརྗོད་བྱས་ཀྱང་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པའི་བཀའ་མོལ་དང་རྒྱབ་འགལ་དུ་གྱུར་འདུག

པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པས་བཤད་པ་ལྟར་ན་ཨ་མི་རི་ཀས་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་གི་ཚན་པ་ཁག་ལ་འབྲེལ་བ་ཡོད་པའི་ལས་བྱེད་པ་ཚོར་ལོགས་སུ་སྒྲིག་ཁྲིམས་མ་འདྲ་བ་ཞིག་གཏན་འབེབས་བྱ་རྩིས་ཡོད་པ་སྟེ། ཚན་པ་དེ་དག་གི་གྲས་སུ་རྒྱ་གཞུང་གི་གསར་འགྱུར་ལས་ཁུངས་ཁག་གི་ཕྱི་རྒྱལ་གྱི་ལས་ཁུངས་ཁག་གི་ངོ་བོར་ཐོ་འགོད་བྱ་རྒྱུ། འདི་ནི་ཕྱི་འབྲེལ་མི་སྣའི་སྒྲིག་ཁྲིམས་ལ་འབྲེལ་བ་མི་འདུག རྒྱ་ནག་དམར་ཤོག་ཚོགས་པའི་ཚན་པ་ཁག་གི་ལས་བྱེད་པ་རྣམས་ཕྱི་རྒྱལ་གྱི་ལས་ཁུངས་ཁག་ལ་བརྩི་དགོས་མིན་དེར་གྲོས་བསྡུར་མང་པོ་ཞིག་བྱུང་སོང་། ཨ་རིའི་བཅའ་སྡོད་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ཕྱི་འབྲེལ་མི་སྣའི་ཁོངས་སུ་ཚུད་རྒྱུ་མིན་པར་ངོ་བོ་ཐ་དད་ཅིག་ལ་བརྩི་རྒྱུ་ཡིན་འདུག་ཅེས་བཤད་ཡོད་པ་རེད།

XS
SM
MD
LG