ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ལྟ་འཛིན་བརྙན་མིག་རྒྱལ་ཁབ་མང་པོར་ཁྱབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་རོ་ཡེ་ཊར་སོགས་གསར་འགྱུར་ལས་ཁང་ཀག་གིས་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་ཡུ་རོབ་སར་བྷི་ཡའི་རྒྱལ་ས་བྷེལ་གྷེ་རེ་ཌིར་བདེ་འཇགས་ཀྱི་གྲོང་ཁྱེར་ཞེས་པའི་ལས་གཞི་ཞིག་མགོ་བརྩམས། ལས་གཞི་འདིའི་འོག་ཏུ་སར་བྷི་ཡ་རྒྱལ་ཁབ་ཀྱི་རྒྱལ་སའི་ནང་དུ་ལྟ་འཛིན་བརྙན་མིག་བརྒྱ་ཕྲག་མང་པོ་བཙུགས་ཏེ་མིའི་ངོ་ཐག་གཅོད་རྒྱུ་དང་འགྲོ་འདུག་ལ་རྗེས་འདེད་བྱེད་ཐུབ་པའི་འཕྲུལ་ཆས་བཙུགས་ཡོད་ཅིང་། རྒྱ་ནག་གི་ལྟ་ཞིབ་པ་ཞེས་པའི་དྲྭ་རྒྱའི་བརྒྱུད་ལམ་དུའང་བྷལ་གྷེ་རི་ཌི་གྲོང་ཁྱེར་དུ་རྒྱ་ནག་གིས་ལྟ་འཛིན་བརྙན་མིག་འཛུགས་རྒྱུའི་ལས་གཞི་ཞིག་འགོ་ཚུགས་ཡོད་པར་མ་ཟད། རྒྱ་ནག་གི་ཉེན་རྟོག་པ་ཆེད་དུ་སར་བྷི་ཡའི་རྒྱལ་ས་དང་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་གཉེར་བཞིན་པའི་གྲོང་ཁྱེར་གཞན་པ་གཉིས་ལ་འགྲེམ་འཇོག་བྱས་ཏེ་སྐོར་སྐྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

ཡུ་རོབ་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་ཉེན་རྟོག་སྡེ་ཚན་དང་མཉམ་འབྲེལ་གྱིས་སོ་སོའི་རྒྱལ་ཁབ་ལ་རྒྱ་ནག་གི་ཉེན་རྟོག་པས་ལྟ་རྟོག་བྱེད་ཀྱི་ཡོད་པའི་གྲས་སུ་ཨི་ཊ་ལི་དང་ཁུ་རོ་ཤི་ཡ། སར་བྷི་ཡ་གསུམ་འདུག་ཅེས་གོང་འཁོད་དྲྭ་ཚིགས་སུ་བཀོད། སར་བྷི་ཡ་ནི་རྒྱ་ནག་ལ་མཉམ་འབྲེལ་ལས་གཞི་ཆེས་མང་པོ་གཉེར་གྱི་ཡོད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་གཙོ་བོ་དེར་གྱུར། རྒྱ་ནག་གཞུང་གིས་སར་བྷི་ཡ་ནི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཡུ་རོབ་གླིང་དུ་རྒྱ་བསྐྱེད་པར་དམིགས་ཡུལ་འཛིན་ས་ལྟེ་བ་ཞིག་ཏུ་གྱུར་འདུག སར་བྷི་ཡ་རྒྱལ་ཁབ་ཏུ་རྒྱ་ནག་ཧྭ་ཝེ་བཟོ་ཚོང་ཁང་གིས་བཟོས་པའི་ལྟ་འཛིན་གློག་མིག་གི་མ་ལག་གང་སར་བཙུགས་ཏེ་བརྙན་མིག་དེ་དག་གིས་གྲོང་ཁྱེར་དུ་འབྱུང་གི་ཡོད་པའི་ཁྲིམས་འགལ་གྱི་ཉེས་དོན་ཚོད་འཛིན་ཆེན་པོ་བྱེད་ཐུབ་ཀྱི་ཡོད་པའི་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་ད་ལྟ་སར་བྷི་ཡའི་མི་རྣམས་ཀྱིས་བརྙན་མིག་དེ་ཚོར་དོགས་པ་བྱེད་བཞིན་པ་སྟེ། མི་ཁ་ཤས་ཀྱིས་སར་བྷི་ཡའི་གཞུང་གིས་སྐྱེ་བོ་སྒེར་པའི་རང་དབང་ཐོབ་ཐང་ལ་རྡོག་བརྫིས་བཏང་བ་ཞིག་ལ་ངོས་འཛིན་དང་། རྒྱལ་ཁབ་ཕྱོགས་འགལ་ཚོགས་པའི་ཚོགས་མི་ཚོར་སྟངས་འཛིན་བྱེད་ཐབས་ཞིག་རེད། སར་བྷི་ཡར་གནས་འཁོད་རྒྱ་ནག་པ་ཚོར་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་ཐབས་ཤིག་ཀྱང་རེད་ཅེས་སྐྱོན་བརྗོད་བྱས་འདུག

ད་སྔ་རྒྱ་ནག་ནི་འཛམ་གླིང་འདིའི་ལྟ་འཛིན་བརྙན་མིག་བཟོ་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ཞིང་། རྒྱ་ནག་གིས་ལྟ་འཛིན་བརྙན་མིག་སོགས་འགྲོ་བ་མིའི་འགྲོ་འདུག་ལ་སྟངས་འཛིན་བྱེད་ཐབས་ཀྱི་འཕྲུལ་ཆས་རྣམས་འཛམ་གླིང་གི་གྲོང་ཁྱེར་བརྒྱ་ཕྲག་མང་པོར་ཁྱབ་བསྒྲགས་དང་ཚོང་འགྲེམ་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པར་དཔལ་འབྱོར་གྱི་སྟོབས་ཤུགས་ཞན་པའི་རྒྱལ་ཁབ་ཁག་ལ་དངུལ་སྒོར་སྤྲད་ནས་ཤུགས་རྐྱེན་ཆེན་པོ་ཐེབས། ད་དུང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁེ་ཎི་ཡ་ལའང་དྲག་སྤྱོད་ཀྱི་དོན་རྐྱེན་འགའ་ཞིག་བྱུང་བའི་རྗེས་སུ་མིའི་འགྲོ་འདུག་ལ་སྟངས་འཛིན་བྱེད་ཐབས་ཀྱི་ལྟ་འཛིན་བརྙན་མིག་སོགས་བཙུགས། ཁེ་ཎི་ཡའི་ལྟ་འཛིན་བརྙན་མིག་རྣམས་ཀྱང་༢༠༡༢་ལོར་རྒྱ་ནག་གཞུང་གིས་དངུལ་མ་རྩ་བཙུགས་ནས་ཁྱབ་གདལ་བྱུང་ཡོད་པ་རེད།

རྒྱལ་སྤྱིའི་ཁར་ཎི་གྷི་ཞི་བདེ་ཐེབས་རྩ་ཁང་གིས་ཉམས་ཞིབ་བྱས་པ་ལྟར་ན་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་མིག་དཔེ་བལྟས་ནས་མིའི་འགྲོ་འདུག་ལ་སྟངས་འཛིན་བྱེད་ཐུབ་པའི་འཕྲུལ་ཆས་འཛུགས་ཀྱི་ཡོད་པ་སྟེ། ད་སྔ་འཛམ་གླིང་རྒྱལ་ཁབ་༧༥་ནང་མིའི་ངོ་ཐག་གཅོད་པའི་འཕྲུལ་ཆས་བཙུགས་ཡོད་པའི་གྲས་སུ་རྒྱལ་ཁབ་༥༠་ནང་དུ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ནས་ཐོན་པའི་འཕྲུལ་ཆས་དང་འཕྲུལ་ཆས་ཀྱི་མ་ལག་ཁག་ཚོང་འགྲེམ་བྱས་འདུག ད་ལོར་ཨ་རིའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ལས་ཁང་གི་བརྡ་འཕྲིན་འཕྲུལ་ཆས་ཀྱི་རིགས་སྤྱད་ནས་སོ་མྱུལ་བའི་ལས་ཀ་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་བས་ཧྭ་ཝེ་བཟོ་ཚོང་ཁང་དང་མཉམ་འབྲེལ་བྱེད་བཞིན་པའི་རྒྱལ་ཁབ་ཁག་གི་མི་མང་པོས་དོགས་ཟོན་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།

XS
SM
MD
LG