ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བལ་རྒྱ་གཉིས་ཀྱིས་རྩིས་སྤྲོད་ཆིངས་ཡིག་མ་བཞག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་ཉི་མ་གཉིས་ཀྱི་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་སུ་གྲོས་མཐུན་དོན་ཚན་༢༠་ཐམ་པར་མིང་རྟགས་བཀོད་ཀྱང་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་དང་རྒྱལ་སྲུང་། ས་མཚམས་སུ་རྒྱ་ལམ་འཛུགས་སྐྲུན་བཅས་ཀྱི་གྲོས་མཐུན་ཁག་སྐེ་མཚམས་དེར་མིང་རྟགས་འགོད་རྒྱུ་བལ་ཡུལ་གཞུང་གིས་ཕྱིར་འཐེན་བྱས་ཤིང་། སྲིད་བློན་ཤཱར་མ་ཨོ་ལིས་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ཡུན་རིང་མི་འགོར་པར་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་ཐབས་བྱ་རྒྱུའི་ཁས་ལེན་བྱེད་ཆོག བལ་ཡུལ་དང་རྒྱ་ནག་གཉིས་ཉེས་དོན་ལས་རིགས་ཐོག་ཏུ་མཉམ་འབྲེལ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

བལ་ཡུལ་དང་བོད་གཉིས་ས་འབྲེལ་ཡིན་པ་དང་བལ་ཡུལ་གྱི་ས་ཐོག་ཏུ་བོད་པ་བཙན་བྱོལ་བ་ཁྲི་ཚོ་༢་ཡས་མས་ཤིག་གནས་འཁོད་བྱེད་ཡོད་པས་རྒྱ་ནག་གཞུང་གིས་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོ་ཁ་བྲལ་རིང་ལུགས་པ་དང་ཉེས་ཅན་ཁྲིམས་འགལ་བ་ཡིན། ཁོ་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྲིད་དོན་སྐྱབས་བཅོལ་བར་ངོས་ལེན་བྱེད་མི་ཆོག་ཅེས་ངོ་རྒོལ་དང་བོད་པ་བཙན་བྱོལ་བ་ཚོར་དམིགས་ནས་རྒྱ་ནག་གིས་བལ་ཡུལ་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་དགོས་ཞེས་ཨུ་ཚུགས་བརྒྱབ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། གལ་སྲིད་ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲིའི་སྐབས་སུ་བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་ཡོད་ན་རྒྱ་ནག་གཞུང་གིས་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་རྣམས་ཉེས་ཅན་ཁྲིམས་འགལ་བ་ཡིན། ཁོ་ཚོ་བལ་ཡུལ་ནས་རྒྱ་ནག་ལ་ཕྱིར་ཕུད་གཏོང་དགོས་ཞེས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་ཆོག དེ་ནས་བལ་ཡུལ་གཞུང་གིས་ཀྱང་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་གི་འབྲུ་དོན་ལྟར་བོད་པ་བཙན་བྱོལ་བ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་ཐུག་སྲིད།

ད་ལྟ་རྒྱ་ནག་གཞུང་གིས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ལོ་རེ་བཞིན་ཤུགས་ཇེ་ཆེ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས། རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་བ་ཅི་ཙམ་ཡར་རྒྱས་ཕྱིན་ན་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་གནོན་སྡོམ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སྟེ། བལ་ཡུལ་བརྒྱུད་ནས་བོད་པ་སྐྱབས་བཅོལ་བ་རྣམས་རྒྱ་གར་ལ་བཙན་བྱོལ་དུ་ཐར་མི་ཐུབ་པའི་འགོག་རྐྱེན་ཇེ་ཆེ། ཐ་ན་རྒྱ་ནག་གི་བཀོད་འདོམས་ལྟར་བལ་ཡུལ་གཞུང་གིས་བོད་པ་བཙན་བྱོལ་བ་ཁག་ཅིག་ས་མཚམས་སུ་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་མྱོང་། ༢༠༡༦་ནས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་གཞུང་འབྲེལ་གྱི་རྣམ་འགྱུར་མ་བསྟན་པར་བལ་ཡུལ་གཞུང་གིས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་ན་དེ་ལ་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་ངེས་ཡིན་ཞེས་ཉེན་བརྡ་བཏང་ཞིང་། ད་ཐེངས་ཀྱང་ཨ་རིའི་གཞུང་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་བལ་ཡུལ་གྱི་འགོ་ཁྲིད་ཚོར་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་འཇོག་མི་ཆོག་ཅེས་གནོན་ཤུགས་ཆེན་པོ་སྤྲད་འདུག ཡིན་ནའང་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་འཇོག་རྒྱུ་དང་རྒྱ་སྲུང་མཉམ་འབྲེལ། ས་མཚམས་སུ་རྒྱ་ལམ་འཛུགས་སྐྲུན། ལྷག་པར་དུ་རྒྱ་ནག་གི་རོགས་སྐྱོབ་འོག་ཏུ་བལ་ཡུལ་ལ་རྒྱལ་སྲུང་སློབ་ཆེན་ཞིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཁག་ལ་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་དང་གཞུང་འབྲེལ་མི་སྣ་ཟུར་པ། བལ་ཡུལ་སྲིད་བློན་ཟུར་བྷ་ཏ་ར་ཡེ་སོགས་ཀྱིས་ངོ་རྒོལ་བྱས་པར་བརྟེན། བལ་ཡུལ་གཞུང་གིས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་འཇོག་རྒྱུ་ཕྱིར་འཐེན་བྱ་དགོས་བྱུང་འདུག

རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་གྲོས་མཐུན་དོན་ཚན་༢༠་ཐམ་པར་མིང་རྟགས་བཀོད་པའི་གྲས་སུ་སྐྱེལ་འདྲེན་དང་ཞིང་ལས། བཟོ་ལས་དང་ཚོང་དོན། ཇོ་མོ་གླང་མར་སྲུང་སྐྱོབ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པར་གྲོས་བསྡུར་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་ནག་དང་བལ་ཡུལ་བར་དུ་མཁའ་ལམ་དང་མཚོ་ཁ་སྒོ་འབྱེད། མེ་འཁོར་དང་རྒྱ་ལམ་བཅས་ཀྱི་འབྲེལ་ལམ་ཡར་ཡར་རྒྱས་གཏོང་རྒྱུ། རྒྱ་ནག་གིས་ལོ་གཉིས་ཀྱི་ནང་དུ་བལ་ཡུལ་ལ་ཨ་སྒོར་དུང་ཕྱུར་༥་ཡས་མས་ཤིག་གིས་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ། བལ་ཡུལ་གྱི་ཊི་རི་བྷུ་ཝན་སློབ་གྲྭ་ཆེན་མོར་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་འཛུགས་རྒྱུ། རྒྱ་ནག་དང་བལ་ཡུལ་གཉིས་མཉམ་འབྲེལ་ཐོག་ཏུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན། ཉི་འོད་དང་རླུང་ཤུགས་ཀྱི་ནུས་པའི་གློག་མཁོ་འདོན་བྱ་རྒྱུ། རྒྱ་ནག་དང་བལ་ཡུལ་གྱི་བདེ་འཇགས་མི་སྣ་ཚོ་ཕན་ཚུན་ཟབ་སྦྱོང་ལ་གཏོང་རེས་དང་ཉམས་མྱོང་བརྗེ་རེས། བལ་ཡུལ་དང་རྒྱ་ནག་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་སོགས་འདུས། ཞིས་ཅིན་ཕིང་གི་འཚམས་འདྲི་འདི་རྒྱ་ནག་གི་སྲིད་འཛིན་ཞིག་ལོ་༢༣་གྱི་རྗེས་སུ་བལ་ཡུལ་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། བལ་ཡུལ་གྱི་འཚམས་འདྲིའི་སྔོན་དེར་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཀྱིས་ཏ་མིལ་ན་རྡུ་མངའ་སྡེའི་ས་གནས་ཤིག་ཏུ་ཉི་མ་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་རེད།

བལ་ཡུལ་གྱི་ཕྱི་སྲིད་བློན་གྷ་ཝ་ལིས་ཞིས་ཅིན་ཕིང་རྒྱལ་ས་ཀ་ཐེ་མན་རྡུར་རྒྱལ་དོན་འཚམས་འདྲིར་ཕེབས་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན། ང་ཚོས་རྒྱ་ནག་གི་ཡར་རྒྱས་ལ་མཉམ་འབྲེལ་བྱས་ནས་བལ་ཡུལ་ལ་གོ་སྐབས་བསྐྲུན་རྒྱུ་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་རྒྱུ་གཙིགས་སུ་བཟུང་ཡོད་ཅེས་བཤད། ཞིས་ཅིན་ཕིང་གིས་ཀྱང་ང་ཚོས་བལ་ཡུལ་གྱི་གྲོགས་པོ་ཚོར་འབྲེལ་བ་སྔར་ལས་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ཕུགས་རྒྱང་རིང་པོའི་འཐབ་ཇུས་མཉམ་འབྲེལ་ལ་དམིགས་ནས་འཆར་འགོད་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་ཞེས་བཤད། ཉམས་ཞིབ་པ་ཚོས་སྔོན་ནས་ཚོད་དཔག་བྱས་པ་ལྟར་ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་བོད་ཀྱི་སྐྱིད་གྲོང་རྫོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐེ་མན་རྡུ་བར་དུ་མེ་འཁོར་ལྕགས་ལམ་མཐུད་རྒྱུའི་གྲོས་མཐུན་བྱུང་འདུག བལ་ཡུལ་དང་རྒྱ་ནག་གི་འབྲེལ་བ་རྒྱ་གར་གྱི་བདེ་འཇགས་ལ་འབྲེལ་བ་ཡོད་པས་ཀ་ཐེ་མན་རྡུར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ར་ཇཱ་བྷ་རལ་ཞེས་པ་ཞིག་གིས་བལ་ཡུལ་གཞུང་གིས་རྒྱ་ནག་ལ་འབྲེལ་བ་འཛིན་དུས་རྒྱ་གར་ལ་གཟབ་ནན་དང་དོགས་ཟོན་བྱ་དགོས། ཁོ་ཚོས་རྒྱ་དཀར་ནག་གཉིས་ཀར་ཕོག་ཐུག་མི་འགྲོ་བའི་འབྲེལ་བ་སྙོམས་པོ་ཞིག་འཛིན་དགོས། བལ་ཡུལ་གྱི་ས་ཁམས་ཆབ་སྲིད་ནི་རྒྱ་གར་ལ་གནད་འགག་ཆེན་པོ་ཡིན་པ་སྟེ། བལ་ཡུལ་གྱི་ཆགས་ཡུལ་དེ་ཉིད་རྒྱ་གར་གྱི་བདེ་འཇགས་ལ་འབྲེལ་བ་ཡོད། ང་ཚོས་བལ་ཡུལ་གཞུང་ལ་ཁྱིམ་མཚེས་རྒྱལ་ཁབ་གཅིག་ལ་གཉེན་དང་ཅིག་ཤོས་དེ་དགྲ་རུ་འཛིན་པའི་འབྲེལ་བ་ཞིག་འཛིན་དུ་འཇུག་ཐུབ་ཐབས་མེད་ཅེས་ཨལ་ཇཱེ་ཛི་ར་གསར་འགྱུར་ལས་ཁང་ལ་བཤད་འདུག

རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་དུ་ཚུགས་པའི་ཏཀ་ཤ་ཤི་ལ་མཐོ་སློབ་གྱི་ཉམས་ཞིབ་པ་ཁེ་ཝལ་ར་མ་ཎི་ཞེས་པ་ཞིག་གིས་བལ་ཡུལ་ལྟ་བུའི་རྒྱལ་ཁབ་ཆུང་ཁག་གིས་རྒྱ་ནག་ལ་བསྙེས་ནས་གོ་སྐབས་ལེན་དགོས་པ་ཆོས་ཉིད་ཡིན། ལྷོ་ཨེ་ཤི་ཡར་རྒྱ་གར་གྱི་ཤུགས་རྐྱེན་ཡོངས་སུ་ཁྱབ་ཡོད་པ་དེའི་འོག་ནས་བལ་ཡུལ་ཐར་ཐབས་བྱེད་ཀྱི་ཡོད་པའང་རྒྱུས་ལོན་བྱེད་ཐུབ། རྒྱ་གར་གྱི་ལྟ་སྟངས་ནས་བལྟས་ན་ཞིས་ཅིན་ཕིང་བལ་ཡུལ་ལ་འཚམས་འདྲིར་ཕེབས་པ་དེས་རྒྱ་གར་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་རྒྱུ་ཡིན་མིན་ལ་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ཡིན། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བལ་ཡུལ་རི་ལུང་གིས་བསྐོར་ཡོད་པ་དེ་ནས་འཛམ་གླིང་ཕྱི་ལ་འབྲེལ་བ་མཐུད་ཐབས་བྱེད་ཀྱི་ཡོད་ཅིང་། བལ་ཡུལ་དེ་ཕྱི་ལ་འབྲེལ་བ་མཐུད་ཐབས་ཀྱང་ངེས་པར་དུ་རྒྱ་ནག་བརྒྱུད་ནས་འབྲེལ་བ་མཐུད་དགོས་པའི་འབད་བརྩོན་ཤུགས་ཆེན་བྱེད་ཀྱི་ཡོད་པར་ང་ཚོས་ངོས་ལེན་བྱ་དགོས། རྒྱ་ནག་གིས་བལ་ཡུལ་ལ་དཔལ་འབྱོར་རོགས་རམ་དང་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གོ་སྐབས་ལེན་དགོས་ངེས་ཡིན། འོན་ཀྱང་རྒྱ་ནག་གི་རོགས་རམ་དེ་ཚོར་ཆབ་སྲིད་ཀྱི་མཇུག་འབྲས་ཤིག་ཀྱང་སྨིན་སྲིད། དེ་ནི་བལ་ཡུལ་གྱི་ཕྱི་འབྲེལ་སྲིད་ཇུས་རྒྱ་ནག་ལ་བསྟུན་དགོས་པ་ཞིག་ཏུ་འགྱུར་སྲིད། བལ་ཡུལ་གཞུང་གིས་གཞན་ལ་བསྟུན་མི་དགོས་པར་རང་སྟབས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་ཐུབ་རྒྱུ་ཁག་པོ་ཡིན། དེར་བརྟེན་རྒྱ་གར་གཞུང་གིས་བལ་ཡུལ་གྱི་རང་བཙན་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་ལ་བལྟ་དགོས་ཞེས་བཤད་འདུག

XS
SM
MD
LG