ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་བྷི་ཨྷ་མེ་ཐེ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ལོ་༢༠༡༩་ལོའི་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཨི་ཐོ་ཕི་ཡའི་སྲིད་བློན་ཨ་བྷི་ཨྷ་མེ་ཐེ་ལ་ཐོབ་སོང་ཞེས་དེ་རིང་ཕྱི་ཚེས་༡༡་ཉིན་ཡུ་རོབ་རྒྱལ་ཁབ་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་གཞིས་ཚུགས་པའི་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་འདུག སྲིད་བློན་ཨ་བྷི་ཨྷ་མེ་ཐེས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཨི་རི་ཊེ་རི་ཡར་དམག་འཁྲུག་མཚམས་འཇོག་བྱ་དགོས་པའི་གྲོས་མགོ་བཏོན་ནས་ལོ་༢༠་ལྷག་གི་ས་མཚམས་ཀྱི་འཁྲུག་རྩོད་དང་མི་གསོད་ཁྲག་སྦྱོར་གྱི་འཐབ་རྩོད་བཀག་པའི་མཇུག་འབྲས་སུ་ལོ་འདིའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་ཡིན་ཞེས་རྒྱུ་མཚན་བགྲངས།

ཨ་བྷི་ཨྷ་མེ་ཐེ་སྔ་ལོའི་ཕྱི་ཟླ་༤་པའི་ནང་དུ་ཨི་ཐོ་ཕི་ཡའི་སྲིད་བློན་ལ་འདེམས་ཐོན་བྱུང་ཞིང་། ཁོང་གིས་སྲིད་བློན་གྱི་ཐུགས་འགན་བཞེས་ནས་ཟླ་བ་༥་ལྔ་ཙམ་གྱི་གཞུག་སྟེ། ན་ནིང་གི་སྤྱི་ཟླ་༩་པའི་ནང་དུ་ཁྱིམ་མཚེས་རྒྱལ་ཁབ་ཨི་རི་ཊེ་རི་ཡར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཞི་བའི་གྲོས་མཐུན་ཞིག་བཞག་ནས་ལོ་༢༠་ལྷག་ལ་བསྟུད་མར་ལངས་པའི་ས་མཚམས་ཀྱི་དམག་འཁྲུག་ཡོངས་སུ་མཇུག་བསྒྲིལ། ཨི་ཐོ་ཕི་ཡ་དང་ཨི་རི་ཊེ་རི་ཡ་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་བཞག་པའི་སྐབས་དེར་བར་དཔང་དུ་ཕེབས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཨ་བྷི་ཨྷ་མེ་ཐེ་རྣམ་དཔྱོད་ལྡན་པ་དང་སྙིང་སྟོབས་ཆེན་པོས་འགོག་རྐྱེན་མང་པོ་ཞིག་ལ་གདོང་ལེན་བྱས་ཏེ་གནད་དོན་འདི་ཐག་གཅོད་བྱས་པ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ལ་ལེའུ་གསར་པ་ཞིག་མགོ་བརྩམས་པ་རེད། ལས་དོན་འདིས་ཨ་ཧྥི་རི་ཀའི་གླིང་ཟུར་འདིར་རེ་བ་གསར་པ་ཞིག་སྤྲོད་དུ་བཅུག་སོང་ཞེས་བསྔགས་བརྗོད་བྱས་འདུག

ཁོང་གིས་སུ་དྷན་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་རྩོད་རྙོག་སེལ་ཐབས་སུ་དབང་ཆ་མཉམ་སྤྱོད་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་པ་བྱུང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་ཆེན་པོ་བྱུང་བར་མ་ཟད། དེའི་སྔོན་ལ་སུ་དྷན་རྒྱལ་ཁབ་ལ་སྲིད་དོན་གྱི་རྩོད་རྙོག་བྱུང་ནས་རྒྱལ་ཁབ་དེར་ཡུན་རིང་སྲིད་དབང་བཟུང་བའི་སྲིད་འཛིན་ཡང་འཛིན་བཟུང་ཐེབས། ད་དུང་སྲིད་བློན་ཨ་བྷི་ཨྷ་མེ་ཐེས་རང་ཡུལ་ཨི་ཐོ་ཕི་ཡར་ལེགས་བཅོས་མང་པོ་ཞིག་བྱས་པའི་མཛད་རྗེས་ཁག་ལའང་གདེང་འཇོག་ཆེན་པོ་ཐོབ། ཁོང་སྲིད་བློན་དུ་འདེམས་ཐོན་བྱུང་ནས་ཟླ་ཤས་ཀྱི་རྗེས་སུ་རྒྱལ་ནང་གི་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་གྲོལ་བཏང་བ་དང་གསར་འགོད་པ་བཀག་ཉར་བྱས་ཡོད་པ་ཁག་ཅིག་ཀྱང་གློད་གྲོལ་ཐོབ། ཕྱོགས་འགལ་ཚོགས་པར་གྲོལ་མོལ་གྱི་ལམ་ནས་འབྲེལ་ལམ་ཡག་པོ་བཙུགས། ཕྱིའི་རྒྱལ་ཁབ་དུ་བཙན་བྱོལ་ལ་ཕྱིན་ཡོད་པའི་མི་སྣ་ཁག་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའི་འབོད་སྐུལ་ཞུས། བུད་མེད་ཚོས་སྲིད་གཞུང་གི་ལས་གནས་འཛིན་དགོས་པའི་གཞེན་སྐུལ་གྱིས་ཨི་ཐོ་ཕི་ཡའི་གཞུང་གི་འཛིན་སྐྱོང་མི་སྣ་ཕྱེད་ཀ་ཙམ་བུད་མེད་ཀྱིས་ཟིན་ཡོད་པ་རྣམས་ལོ་འདིའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་དགོས་པའི་རྒྱུ་རྐྱེན་དུ་གྱུར་འདུག

ཉིན་ཤས་སྔོན་ལ་ནོར་ཝེའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༢༠༡༩་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཡུལ་གྱི་འོས་མི་རྩེ་གྲས་ནི་ལི་བྷི་ཡ་དང་སོ་མ་ལི་ཡ། ཧོང་ཀོང་བཅས་ཀྱི་ན་གཞོན་དམངས་གཙོ་དོན་གཉེར་བ་གསུམ་སླེབས་ཡོད་པའི་གནས་ཚུལ་ཐོན། ཁོ་ཚོའི་གྲས་ཀྱི་གཅིག་ནི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ལོ་ཀོན་ཙུང་ཡིན་ཞིང་། ན་ནིང་ཡང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༡༢་ཀྱིས་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་ལ་སྙན་ཞུ་ཕུལ་ནས་ཧོང་ཀོང་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་ཧོང་ཀྲི་ཧྥིན་དང་ལོ་ཀོན་ཙུང་། ཀྲུག་ཡུང་ཁང་གསུམ་ལ་༢༠༡༨་ལོའི་ཞི་བདེའི་གཟེངས་རྟགས་སྤྲོད་རྒྱུ་དགོས་འོས་སྦྱོར་བྱས་ཀྱང་སྔ་ལོ་དང་ད་ལོ་གཉིས་ཀར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མ་ཐོབ། ད་ལོ་ཨི་ཐོ་ཕི་ཡའི་སྲིད་བློན་ལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་མཐའ་མའི་ཐག་གཅོད་བྱུང་འདུག

ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིའི་གྲས་སུ་མི་སྒེར་པ་དང་ཚོགས་པ་བཅས་འོས་གཞི་༣༠༡་ཡོད་པ་དེའི་གྲས་སུ་མི་སྒེར་པ་༢༢༣་དང་ཚོགས་པ་༧༨་འདུག ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལ་དངུལ་སྒོར་ཨ་སྒོར་ས་ཡ་གཅིག་ལྷག་ཡོད་པ་དང་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་དང་ཞི་བདེའི་གཟེངས་རྟགས་གཉིས་ནི་རྩོད་རྙོག་གི་གླེང་སློང་ཆེ་ཤོས་ཀྱི་གཟེངས་རྟགས་གཉིས་ཡིན་ཞིང་། ལོ་རྒྱུས་སྟེང་དུ་རྒྱ་གར་གྱི་རང་བཙན་དབུ་ཁྲིད་དང་འཛམ་གླིང་གི་ཞི་བདེ་དོན་གཉེར་བ་མེས་པོ་དམ་པ་གྷན་དྷ་མཆོག་ཐེངས་ལྔ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིའི་གྲས་སུ་འདེམས་ཐོན་བྱུང་རུང་གཟེངས་རྟགས་ཐོབ་མེད་པར་གླེང་སློང་ཆེན་པོ་བྱུང་ཡོད། ༡༩༧༣་ལོར་ཨ་རིའི་སྲིད་འཛིན་ནིཀ་སིན་གྱི་སློབ་སྟོན་པ་ཧན་རི་ཁི་སན་ཇཱར་ལ་ཝྭི་ཏེ་ནམ་གྱི་དམག་འཁྲུག་མཇུག་བསྡུས་པའི་གྲུབ་འབྲས་སུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་མོད། འོན་ཀྱང་རྗེས་སུ་དམག་འཁྲུག་བསྐྱར་དུ་ལངས་པས་ཁི་སན་ཇཱར་ལ་གཟིགས་རྟགས་སྤྲད་པ་རྩོད་གཞི་ཅན་ཞིག་ཏུ་གྱུར། ༡༩༩༤་ལོར་པ་ལི་སི་ཐན་གྱི་འགོ་ཁྲིད་ཨ་ར་ཧྥ་ཐེ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད། ཨ་ར་ཧྥ་ཐེ་རུལ་སུངས་དང་བག་མེད། རྒྱས་སྤྲས་ཅན་ཞིག་རེད་ཅེས་སྐྱོན་བརྗོད་ཕོག་ནས་གཟེངས་རྟགས་སྤྲད་པ་མ་འོས་པ་ཞིག་རེད་ཅེས་གླེང་། ༢༠༠༩་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མར་གྲུབ་འབྲས་ཅི་ཡང་སྟོན་རྒྱུ་མེད་པར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་པར་རྒྱལ་སྤྱིའི་ཐོག་ཏུ་གླེང་སློང་ཆེན་པོ་བྱུང་ངོ་།།

XS
SM
MD
LG