ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་ནམ། ཞིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་མཁན་རྒྱ་ནག་གཞུང་གི་ལས་སྣེ་ཁག་དང་དམར་ཤོག་ཚོགས་པའི་འབྲེལ་ཡོད་དཔོན་རིགས་ཁག ཁོ་ཚོའི་བཟའ་མི་བཅས་པ་ཨ་རིར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་བཀག་སྡོམ་བྱ་དགོས་ཞེས་གཟའ་མིག་དམར་ཉིན་ཏེ། ཕྱི་ཟླ་༡༠་པའི་ཚེས་༨་ཉིན་མོར་གསལ་བསྒྲགས་སྤེལ་ཡོད་ཅིང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཆེའི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་ཁག་འཕྲལ་དུ་མཚམས་འཇོག་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་ཞེས་གསུངས་པའི་རྗེས་སུ་རྒྱ་ནག་གཞུང་གིས་རྒྱ་ནག་ལ་སྡང་སེམས་ཅན་གྱི་ཚོགས་སྡེ་སོགས་དང་འབྲེལ་ཡོད་ཨ་རིའི་སྤྱི་དམངས་རྣམས་རྒྱ་ནག་ལ་འགྲུལ་སྐྱོད་བཀག་སྡོམ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བསྒྲགས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་པ་ཁག པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།